བབས་གནས།  དབུ་ངོས།སྐབས་དོན། ཤེས་བྱ། → ༼༢༽མདོ་སྨད་རྒན་གྱའི་ལོ་རྒྱུས་སྔོན་བྱུང་གསལ་བའི་མེ་ལོང་།

༼༢༽མདོ་སྨད་རྒན་གྱའི་ལོ་རྒྱུས་སྔོན་བྱུང་གསལ་བའི་མེ་ལོང་།

ཡོང་ཁུངས། སེམས་བསྐྱེད་འཕྲིན་སྟེགས།རྩོམ་པ་པོ། རྒན་གྱའི་དཀོན་མཆོག་རྒྱ་མཚོ།སྤེལ་དུས། 04-21
དེས་ན། མཁར་ནང་མཁར་འདི་ནི་ཐོག་མར་ཧ་ལམ་བོད་ཀྱི་རིགས་སུ་གཏོགས་པའི་འ་ཞས་བཙུགས་སྲིད་པ་དང་།མེ་སྤྲེལ་(སྤྱི་ལོ༧༥༦)ལོར་ཐང་རྒྱལ་རབས་དང་བཙན་པོས་འཕྲོག་རྩོད་བྱས་པ་དང་།མེ་རྟ་(སྤྱི་ལོ༡༠༠༦)ལོར་ཙོང་ཁའི་རྒྱལ་སྲས་སམ་ཇོ་སྲས་མཁར་འདིར་ཕེབས་པ་དང་།དེའི་རྗེས་སུ་ཞང་ལྷ་བཟང་ཀླུ་དཔལ་ཚ་རྒྱུད་ཀྱིས་བཟུང་བ་དང་།དེའི་རྗེས་སུ་སུང་རྒྱལ་རབས་ཀྱིས་འཕྲོaག་པ་དང་།དེའི་རྗེས་སུ་མི་ཉག་འདི་ཕྱོགས་སུ་གནས་སྤར་ཏེ་མཁར་མང་བོ་བཙུགས་སྐབས་མཁར་ཆེན་འདི་ལ་ཉམས་གསོ་གནང་སྟེ་བཟུང་ཞིང་མཁར་ནང་དུ་ལྷ་ཁང་སོགས་ཀྱང་བཞེངས་པ་དང་།མི་རིང་བར་སྒྲོ་རིང་མདོ་བརྟན་ནམ་སོག་པོ་གང་རུང་སླེབས་ཏེ་བཅོམ་པར་རྒྱ་བོད་ཀྱི་ལོ་རྒྱུས་སྣ་ཚོགས་གོང་བསྒྲིགས་ན་ཤེས་སོ།།  འོན་ཀྱང་ད་ལྟ་ཡུལ་སྐོར་ལས་རིགས་པའི་སྣེ་ལེན་པ་དག་གིས།ཀན་ལྷོ་ས་ཁུལ་གྱི་རྫོང་དང་བོ་པེ་ཧྲི་རྫོང་ཞེས་ཧན་རྒྱལ་རབས་སྐབས་པེ་ཧྲི་ཞན་བྱ་བའི་སྲིད་འཛིན་གྱི་སྒྲིག་གཞི་བཙུགས་ཞེས་པའི་རྒྱའི་དེབ་ཐེར་དུ་འབྱུང་བ་དེ་ཡིན་པར་དྲིལ་སྒྲོག་བྱེད་བཞིན་གདའ་མོད།པེ་ཧྲི་ཞན་བྱ་བ་འདི་ཡིན་པའི་དབང་དུ་བྱས་ཀྱང་རྒྱའི་རྒྱལ་རབས་ཀྱི་རང་སྟེང་ནས་སྲིད་འཛིན་ས་ཁོངས་བགོས་པ་ལས།དེ་གའི་ཡུལ་དང་མི་རྣམས་དངོས་སུ་ཧན་རྒྱལ་རབས་ཀྱི་སྲིད་དབང་འོག་ཏུ་བཅུག་ཡོད་པ་བཤད་དཀའ་སྟེ།ཆིན་ཧྲི་ཧོང་གིས་སྤྱང་རོང་འགོག་ཕྱིར་ནུབ་ཏུ་ཤིང་ཀུན་བར་དུ་ལྕགས་རི་བརྡུངས་ཤིང་།རྒན་གྱ་ནི་ཤིང་ཀུན་གྱི་ནུབ་ཏུ་ཡོད་པར་མ་ཟད།སྐབས་དེར་ཕྱི་ལོག་ས་ཁུལ་དུ་བརྩིས་ཡོད་པ་སྟེ།ཆིན་གྱི་དུས་སུ་མཐའ་མཚམས་ཀྱི་ས་ཁུལ་(秦为塞外地)ཡིན་ཞེས་རྒྱའི་ལོ་རྒྱུས་སུ་འབྱུང་བས་སོ།།  ཞེས་འགའ་ཞིག་གིས་གླེང་བ་དོན་ལ་གནས་སོ་སྙམ་མོ།།དེ་ནས་ཙོང་ཁ་སུང་གིས་བཅོམ་པ་དང་།མི་ཉག་དང་རྒྱའི་ཅིན་རྒྱལ་རབས་དང་དབུས་གཙང་ནི་སོག་པོས་བཅོམ་སྟེ་ཡོན་གྱི་མངའ་འོག་ཏུ་དབང་མེད་དུ་ཚུད།སྐབས་དེར་མཁར་འདི་མི་ཉག་གི་དམག་གི་རྟེན་གཞིར་སོང་སྟབས་ཕ་རོལ་པས་བཅོམ་བརླག་བྱས་པ་ཚབས་ཆེ་བར་བརྟེན།རབ་བྱུང་ལྔ་བའི་ས་བྱ་(སྤྱི་ལོ༡༣༠༩)ལོར་སོག་པོས་རྒན་གྱའི་བླ་རི་དགེ་རི་གཉིས་ཀྱི་བར་དུ་མཁར་གསར་ཞིག་བརྩིག་དགོས་བྱུང་ཞིང་ནང་ལོགས་ནས་ས་སྐྱར་བགྲོད་པའི་ལམ་ཐིག་ན་རྒན་གྱ་གནས་པས་འགྲོ་མགོན་འཕགས་པ་ཡང་རྒན་གྱའི་བྲག་དཀར་དུ་ཕེབས་ནས་གནས་སྒོ་ཇེ་གསལ་དུ་བཏང་ཞིང་།བླ་མ་འཕགས་པ་ལ་མདོ་ཁམས་ན་གདན་ས་ཆེན་པོ་ཁ་ཤས་ཡོད་པའི་ནང་དུ་གཉའ་གོ་བྱ་བ་ཞིག་ཡོད་པ་ཡང་གཉའ་གོང་གི་རྗེས་འཇུག་གི་སྒྲ་མི་གསལ་བ་ཙམ་སྟེ་འདི་དབུས་གཙང་ཡུལ་སྐད་ལ་རྒྱུན་ལྡན་ཞིག་ཡིན།རབ་བྱུང་དྲུག་པའི་ལྕགས་ཁྱི་(སྤྱི་ལོ༡༣༧༠)ལོར་ཡ་རྫིའི་(ཡར་ཟུར་ཞེས་བྲིས་པའང་སྣང་།)ཟ་ལར་རྣམས་ཐོག་མར་གནས་དེར་འབྱོར་ཞིང་། ཁོ་ཚོའི་ཚོང་ཐོག་མ་བྱ་ཡུལ་རྒན་གྱ་དང་ཐེ་བུ་ཡིན་པར་བཤད་འདུག་ཅིང་།མིང་རྒྱལ་རབས་སྐབས་ལྕགས་ཕག་(སྤྱི་ལོ༡༣༧༡)ལོར་རྐ་ཆུར་(བསང་ཆུ་ཡུར་དུ་དྲངས་པའི་ཆ་ནས་རྐ་ཆུ་ཞེས་བྱ་ཞིང་ཐང་གི་དུས་ཀྱི་ཀ་ཇུ་ནི་ཀྭ་ཀྲུའུ་(瓜州)ཡིན་པས་དེ་ནི་དེང་གི་ཀན་སུའུ་ཞིང་ཆེན་གྱི་ཏུན་ཧོང་རྒྱུད་དུ་ཡོད་ཅིང་ཐང་གི་དུས་སུ་ཧོ་ཞིས་ཏའོ་(河西道)ཡི་ཁོངས་གཏོགས་དང་དེང་གི་རྐ་ཆུའམ་ལིན་ཞཱ་(临夏)ནི་གནའ་བོའི་ལུང་ཡུག་ཏའོ་(陇右道)ཡི་ཁོངས་གཏོགས་ཧོ་ཀྲུའུ་(河州)བྱ་བ་དེ་ཡིན་པར་མ་ཟད།ཙི་ནའི་ཐང་གི་ཏའོ་(道)བྱ་བ་དེང་གི་ཞིང་ཆེན་དང་ཡང་མི་འདྲ་སྟེ། སྲིད་འཛིན་གྱི་ས་ཁུལ་དུ་བགོས་པ་ཙམ་ལས་དོ་དམ་ལས་ཁུངས་དངོས་སུ་བཙུགས་མེད་པས་སོ་ཞེས་འགའ་ཞིག་གིས་གླེང་བ་དོན་ལ་གནས།)བེའུ་(卫)ཞེས་པའི་སྲིད་འཛིན་བཙུགས་ཏེ་དཔལ་ལམ་ཧན་(何)བསོད་ནམས་འབུམ་དང་།ཧན་ཕག་མོ།ཝང་ཚེ་ལོ་གསུམ་གྱིས་སྲིད་བསྐྱངས་ཤིང་།སྐབས་འདིར་ཚོ་དཔོན་ཆེ་ཆུང་ལ་ཕ་ཤུལ་བུ་འཛིན་དུ་བརྒྱ་དཔོན་སྟོང་དཔོན་གྱི་ཆོ་ལོ་བྱིན་ཏེ་སྲིད་ཀྱི་ལས་གཉེར་བ་དང་།མིང་རྒྱལ་རབས་ཀྱི་གོང་མ་ཧུང་ཝུའི་ཁྲི་ལོ་ཉེར་གསུམ་པ་རབ་བྱུང་བདུན་པའི་ལྕགས་རྟ་(སྤྱི་ལོ༡༣༩༠)ལོ་ནས་རྒྱའི་བློན་ཆེན་ཏེན་ཡུས་ཀྱིས་དམག་དྲངས་ཏེ། རི་བོ་པེ་ཧྲི་ཧྲན་གྱི་རྒྱུད་དུ་སྒོ་ཉེར་བཞི་བཙུགས་པ་ལས།ཧོར་གཙང་ཤིང་སྒོ། ཁ་ཏའི་ཤིང་སྒོ།ཆ་སྐམ་ཤིང་སྒོ། ཁྲོམ་གསར་ཤིང་སྒོ་བཅས་ནི་དེའི་གྲས་ཡིན་པར་བཤད་ཅིང་། ལ་ལས་བྱང་མཐའི་འགག་སྒོར་སོང་གཤིས་ཧོར་གཙང་བྱང་སྒོ་ཞེས་ཀྱང་འབོད་པར་བཤད་ལ། ཁ་ཅིག་གིས་ཏུན་ཧོང་གཏེར་ཡིག་ལས་ཤངས་ཀྱི་སུམ་ཆུ་བོ་ཞེས་པའི་ཤངས་ནི་ཤངས་སྒོ་དང་སུམ་ཆུ་བོ་ནི་བསང་ཆུ་ལ་ངོས་འཛིན་དགོས་པར་བཤད་པ་དང་།དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སོགས་སུ་བོད་ཁ་བ་ཅན་ལ་བོད་ཤིང་སྒོ་ཅན་ཞེས་ཀྱང་བཤད་དོ།། རབ་བྱུང་དགུ་བའི་ས་ལུག་(སྤྱི་ལོ༡༥༥༩)ལོར་སོག་ རྒྱལ་ཨལ་ཐན་གྱིས་བུ་དུ་རིང་རྒྱལ་བོ་བཅས་ཁྲིད་དེ་མཚོ་སྔོན་དུ་ཐོག་མར་སླེབས་ཏེ་བོད་རྣམས་མི་བདེ་བར་བྱས།ས་སྟག་(སྤྱི་ལོ༡༥༧༨)ལོར་སླར་ཡང་སླེབས་པས་བོད་གཉུག་མར་གནས་པ་རྣམས་འདུག་མ་བཟོད་པར་ཁ་གྱ་ཚོ་དྲུག་སོགས་སུ་བྲོས་ཡོང་བ་དང་། ལྕགས་སྟག་(སྤྱི་ལོ༡༥༩༠)ལོར་དུ་རིང་རྒྱལ་བོས་སོག་དམག་ཁྲིད་དེ་ཁ་གྱ་ཚོ་དྲུག་(ཁ་གྱ་རྒན་གྱ་གཙོས་ཙ་ཡུས་གནམ་ལྷ་རྐང་ཚ་དང་ཡང་ན་ཕྱི་མ་བླངས་ནས་རྒན་གྱ་གོང་འོག་སོ་སོར་བགྲང་།)དང་ཀ་ཇུ་ཐོའུ་ཅུ་སོགས་སུ་དཔུང་འཇུག་བྱས་པས་ཕྱིར་མཚོ་སྔོན་དུ་ལོག་ཅིང་ལོ་གཅིག་ལ་ཕྱིར་ལོག་བོད་མི་ཁྲི་བརྒྱད་ཡོད་པར་རྒྱའི་ལོ་རྒྱུས་སུ་ཡོད་སྣང་།དེ་ནས་དུས་རབས་བཅུ་བདུན་པའི་མགོ་ཙམ་ལ་སོག་པོའི་ཁལ་ཁ་ཆོག་ཐུ་མཚོ་སྔོན་དུ་འབྱོར་ཏེ་ས་དེའི་ཆོས་སྲིད་ལ་ཕོག་ཐུག་དུ་མ་བྱས།མེ་གླང་(སྤྱི་ལོ༡༦༣༧)ལོར་གུ་ཤྲཱི་ཧན་གྱི་དམག་དཔུང་བོད་དུ་སླེབས་པ་ནས་དེའི་བུ་རབས་ཚ་རྒྱུད་ཀྱིས་མཚོ་སྔོན་དང་ཀན་སུའུ་ཤར་དང་ལྷོ་ཀུན་ལ་ཁྲལ་དང་འུ་ལག་བསྡུས། ཆུ་ཡོས་(སྤྱི་ལོ༡༧༢༣)ལོར་བསྟན་འཛིན་ཝང་སོགས་ཀྱིས་གོང་མར་ངོ་ལོག་བརྒྱབས་པ་ལམ་དུ་མ་སོང་བས་རྒྱ་དམག་འབུམ་བརྒྱད་སླེབས་ཏེ་དེར་གཏོགས་དང་དོགས་ཡོད་ཀུན་རྩ་མེད་བྱས་པ་ནས་བཟུང་ཆིང་གོང་མའི་སྲིད་ཤུགས་འདི་ཕྱོགས་སུ་ཡང་ཅུང་མངོན་གསལ་དུ་སོང་།རབ་བྱུང་བཅུ་གཅིག་པའི་མེ་བྱི་(སྤྱི་ལོ༡༦༣༦)ཡས་མས་ཏེ། མིང་དང་ཆིང་རྒྱལ་རབས་སྐབས་སུ་རྒན་གྱའི་ཁ་(ལ་ལས་དགའ་བསོད་ནམས་བཀྲ་ཤིས་ཞེས་བྲིས་ཡོད་ཀྱང་ཁྰ་ཞེས་པ་ཐོབ་གོ་ས་ཞིག་ཡིན་པ་ཐུའུ་བཀྭན་རྣམ་ཐར་སོགས་སུ་གསལ།)བསོད་ནམས་བཀྲ་ཤིས་སྟོང་དཔོན་ཡིན་ཞིང་།ནན་ཧྥན་(南番)ཏེ་ལྷོ་བོད་ཅེས་འབོད་པའི་ཚོ་བ་ཉེར་གཅིག་གི་བདག་པོ་དང་།མེ་སྟག་(སྤྱི་ལོ༡༦༢༦)ལོར་ཁ་བསོད་ནམས་བཀྲ་ཤིས་ཀྱིས་དབྱིག་ཀྱ་བཀའ་བཅུ་བའི་སྦྱིན་བདག་བྱས་ཏེ་རྡོ་སྦིས་དགོ་རུ་གྲྭ་ཚང་བཏབ་ཅིང་དེ་དང་ཆབས་གཅིག་ཏུ་ཁོ་གཅིག་པུས་ལྕང་ཤར་དགོན་བཏབ་པ་ཤར་སྐལ་ལྡན་པའི་ཨ་མདོའི་ཆོས་འབྱུང་དུ་གསལ་བར་ཡོད། རྒན་གྱའི་བློན་སྡེ་ལ་བཙས་ཀྱང་ཐོག་མར་ཚོ་བ་ཉེར་གཅིག་གིས་བརྟད་པར་བགྲེས་པོའི་ངག་རྒྱུན་དུ་འབྱུང་བས་འདི་དུས་བརྩིགས་པ་ཡིན་ཞིང་། མདོ་སྨད་ཆོས་འབྱུང་དུ།རྐང་ཚའི་གསེར་ཁ། མཛོད་དགེ་རྐང་ཚ།ད་ནའི་རྐང་ཚ་རྣམས་སྔར་རྒན་གྱའི་བེ་ཧུའི་མངའ་འོག་ཡིན། ཞེས་གསུངས་པས་ཀྱང་དོན་དེ་ཇེ་གསལ་དུ་སོང་ཡོད།
ཤིང་སྦྲུལ་(སྤྱི་ལོ༡༦༦༥)ལོར་རྒན་གྱའི་ཕྱོགས་འདི་སོག་དཔོན་དར་རྒྱལ་པོ་ཤོག་མཐུས་མིང་ཙམ་གྱིས་དབང་བསྒྱུར།འདིའི་གོང་ནས་བསང་ཁོག་སོགས་ཀྱང་རྒན་གྱའི་ཚང་ཧུའི་མངའ་འོག་ཡིན་པ་ནི། དབལ་མང་དཀོན་མཆོག་རྒྱལ་མཚན་གྱི་རྣམ་ཐར་ལས། ཕྱིས་སུ་རྒན་གྱའི་ཚང་ཧུའི་མི་སིལ་བྱས་སྐབས་ཤིག་ཚར་ཚའི་མི་རྒྱུད་ཅིག་ལ་འབོ་ར་ནས་གདང་ཀྱའི་བུ་མོ་ཞིག་མདུན་མར་བསུས་པ་ལ་བུ་བཞི་བྱུང་། དེ་ལ་གདང་བཟའ་བུ་བཞིར་གྲགས། གདང་བཟའ་དེས་རྒྱལ་བོ་དར་རྒྱལ་ལ་ཡང་མི་སྡེ་ཐབས་ཀྱིས་སྐྱོང་དགོས་པའི་སྙན་བསྐུལ་ཞུས་པ་སོགས་སྤྱི་སེམས་ཆེ་ཞིང་རང་བཞིན་དྲང་བའི་ཚད་དུ་བརྩི། ཞེས་གསུངས་པ་ལྟར་རོ།། འོན་ཀྱང་དར་རྒྱལ་པོ་ཤོག་མཐུའི་དབང་ཤུགས་འདི་ཕྱོགས་སུ་དེ་ཙམ་མི་ཆེ་བར་བརྟེན། འདི་ཙམ་ན་ཅོ་ནེ་དཔོན་རབས་དགུ་བ་ཚེ་དབང་དོན་གྲུབ་(༡༦༤༢—?)ཀྱིས་ཁ་གྱ་ཚོ་དྲུག་དབང་དུ་བསྡུས་ནས་རྒན་གྱའི་གཞུང་སོགས་སུ་ངོས་སུ་མ་ཎི་བརྐོས་པའི་རྡོ་རིང་ཁ་ཤས་བཙུགས་ཤིང་། ཚོ་དྲུག་གི་གནས་ཚུལ་གོང་མ་ཁང་ཞི་ལ་ཞུས།ཆིང་རྒྱལ་རབས་ཀྱི་སྐབས་ཏེ་(སྤྱི་ལོ༡༦༧༦ལོར)རྒྱ་ནག་གི་གོང་མ་ཁང་ཞི་རྒྱལ་བོའི་བཀས། ཟི་ལིང་ཝང་ཙོང་ཡེ། ལན་ཇུའི་ཕུ་ཡོན་སོགས་ཡོང་ནས་ཧོར་གཙང་རྒན་གྱ་སོགས་སོག་དཔོན་དར་རྒྱལ་ཇུ་ནང་གི་མངའ་ཁུངས་སུ་དངོས་སུ་བཅད། དར་རྒྱལ་ཀླད་ནས་སྒྱོགས་རྡོ་འཕངས་ནས་རྐ་ཆུའི་མཁར་བཤིགལེ་བར་མང་བོའི་བར་དུ་བདས་པས། མཁར་སྔ་མའི་གྱང་རོ་ད་ལྟའི་བར་དུ་སྣང་ཞེས་དབལ་མང་དཀོན་མཆོག་རྒྱལ་མཚན་གྱིས་གསུངས་འདུག  སོག་པོའི་དེབ་ཐེར་མེས་པོའི་ཞལ་ལུང་དུ་ཚུལ་དེས་དར་རྒྱལ་ཀླད་ཐོགས་པར་བཤད་མོད་མི་བདེན་པར་སྣང་། རབ་བྱུང་བཅུ་གཉིས་པའི་ཤིང་སྟག་(སྤྱི་ལོ༡༧༣༤)ལོར་སོག་པོའི་དབང་ཤུགས་ཇེ་ཆུང་དུ་གཏོང་ཆེད་ཐིང་(厅)མང་དུ་ཕྱེས་ཏེ་རེབ་གོང་སྟོད་སྨད་རོང་བོ་ནང་སོར་(ནང་སོ་བྱ་བའི་ཐ་སྙད་ལ་མཁས་པའི་གསུང་ན་འགྲེལ་བཤད་དུ་མ་ཞིག་མཐོང་སྟེ། གསེར་ཏོག་ཚང་གི་སྐུ་འབུམ་གདན་རབས་སུ་ཕྱིས་ལན་གྲུ་ནས་སོག་བོད་ཀྱི་བཙུན་པ་ལ་སྟེར་རྒྱུའི་གོ་ས་ཞིག་གི་མིང་ཡིན་གསུངས། རྡོ་སྦིས་དགེ་བཤེས་ཚང་གིས་གོང་མའི་མདུན་འདུག་པ་ཞེས་པའི་དོན་ཡིན་གསུང་སྐད། དུང་དཀར་ཚང་གིས་ནང་སོ་ནི་གོ་གནས་ཤིག་སྟེ་དེང་སང་གི་མགྲོན་གཉེར་དང་འདྲ་ཟེར། ཁྲིན་ཆིན་དབྱིན་གྱིས་ནང་སོ་ནི་བོད་བརྒྱུད་ནང་བསྟན་པའི་མངའ་བདག་གི་མངགས་གཞུག་པའི་མིང་ཡིན་ཟེར། རྡོ་བྲག་དགེ་ཆོས་ཀྱིས་ནང་གི་སོ་ལྟ་བའི་དོན་ཡིན་ཟེར་རོ།།  དུས་རབས་སོ་སོར་ནང་སོའི་གོ་དོན་ལ་རྒྱ་ཆེ་ཆུང་ཡོད་མོད་ཆབ་སྲིད་ཀྱི་དབང་ཆ་མཚོན་པའི་ཐོབ་ཐང་ཞིག་ཡིན་པ་ལ་རྩོད་པ་མེད་ཀྱང་། ཏུན་ཧོང་ཡིག་རྙིང་སོགས་ན་སོ་བློན་དང་སོ་དཔོན་ཞེས་ཡོད་པ་ལས་ནང་སོའི་ཐ་སྙད་དངོས་སུ་མི་སྣང་བས་ནང་སོའི་ལམ་ལུགས་བཙན་པོའི་སྐབས་སུ་བྱུང་བའམ་ས་སྐྱ་བའི་སྐབས་ནས་གཟོད་བྱུང་བ་གང་ཡིན་ད་དུང་དཔྱད་དགོས་ལ། དུས་ཕྱིས་སུ་བླ་མ་དག་གི་བླ་བྲང་ལ་ནང་ཆེན་ཞེས་ཡུལ་གྲུ་ཁ་ཤས་སུ་འབོད་པ་ཡང་ནང་སོ་དང་འབྲེལ་ཞིང་བླ་མ་འཕགས་པས་ས་སྐྱའི་ནང་ཆེན་ཞེས་པའི་དཔོན་གནས་ཤིག་བཙུགས་ཡོད་ལ། ནང་ཆེན་ཞེས་པ་ཐོག་མར་ནང་བློན་ཆེན་པོ་ཞེས་པའི་བསྡུས་ཚིག་ཡིན་སྲིད་དེ། ལེགས་བཤད་གསེར་ཕྲེང་སོགས་སུ་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་བྱང་ཆེན་ཞེས་མང་དུ་འབྱུང་བ་བཞིན་ནོ།།)སྤྲད་པ་དང་། རྒྱལ་བོ་ཇུ་ནང་ཡང་ཆུ་ཡོས་(སྤྱི་ལོ༡༧༢༣)ལོར་མཚོ་སྔོན་སོག་དཔོན་བསྟན་འཛིན་ཝང་གིས་བདས་ཏེ་བཀྲ་ཤིས་འཁྱིལ་དུ་སླེབས་པ་དང་། བསེ་ཚང་དང་སྡེ་རྒན་ཚང་གིས་བཀོད་མངགས་ལྟར།མན་གར་ཉག་ག་བརྒྱུད་ནས་བྲག་དཀར་དང་། དེ་ནས་དར་རྒྱལ་ཀླད་བརྒྱུད་ནས་རྒྱ་ནག་གོང་མའི་མདུན་དུ་བཅར་བ་སོགས་ཞར་བྱུང་ངོ་།། ཟམ་ཚ། ཨ་ལ། ཐེ་བུ་སོགས་ཅོ་ནེ་ཕྱོགས་སུ་བཅད། ཤིས་ཚང་། རྒན་གྱ་སོགས་ཚོ་བ་ཉེར་གཅིག་ཡ་རྫི་(循化厅)ཐིང་གི་ཁོངས་སུ་སྦྱར་ཞིང་དེ་དུས་ཚོ་བ་ཉེར་གཅིག་ལ་དུད་ཁ་༤༢༡༤ཡོད་པར་རྒྱའི་ཡིག་ཚང་དུ་བཤད་ཅིང་། དེ་ནས་རབ་རྒྱལ་མེ་ཡོས་(སྤྱི་ལོ༡༩༢༧)ལོའི་བར་དུ་རྒན་གྱ་ཡ་རྫིར་གཏོགས། ལོ་དེ་ནས་བཟུང་བསང་ཆུ་རྫོང་ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་བཅད། ཁྲལ་དང་གྱོད་ཆེ་ཁག་རིགས་མ་གཏོགས་གནད་དོན་ཆེ་ཕྲའི་རིགས་བཀྲ་ཤིས་འཁྱིལ་ནས་བཏང་བའི་མགོ་(བཤད་སྲོལ་ལ་ཀུན་མཁྱེན་འཇིགས་མེད་དབང་བོའི་སྐུ་རིང་ནས་རྒན་གྱར་མགོ་བ་མངགས་སྲོལ་ཡོད་ཅིང་། སྤྱི་ལོ་༡༩༥༨ནས་ལུགས་ལྡོག་ཏུ་བརྩིས་ན། ཚུལ་ཁྲིམས་སྔོ་རིས།ཡུལ་ཟ་ཡུ་ནང་ཡིན། སྲིད་སྐྱོང་ཡུན་ལོ་གསུམ།སྐལ་བཟང་བག་ཁུགཡུལ་དངུལ་རྭ་ཡིན།སྲིད་སྐྱོང་ཡུན་ལོ་གསུམ། ཚུལ་ཁྲིམས་སྐོ་ཕྲུགསྲིད་སྐྱོང་ཡུན་ལོ་བཞི།ཡུལ་ལྷ་སྡེ་ཡར་མར།སྐལ་བཟང་ཁྱ་ཁ་མ། སྲིད་སྐྱོང་ཡུན་ལོ་གཉིས།ཤེས་རབ་སྣ་ལོ། སྲིད་སྐྱོང་ཡུན་ལོ་གསུམ། ཁྭ་ཏ་སྤུ་ལོག སྲིད་སྐྱོང་ཡུན་ལོ་གསུམ།དགེ་སློང་འཇོ། སྲིད་སྐྱོང་ཡུན་ལོ་གསུམ།ཨ་ཁུ་སངས་བློའུ།སྲིད་སྐྱོང་ཡུན་ལོ་གསུམ། དེའི་ཡན་ཆད་ཀྱི་མགོ་བ་རྣམས་ཀྱི་མཚན་མ་ངེས་པས་སོ།།  འདི་དག་གི་ཡང་མཚན་དངོས་མི་གསལ་བས་འདི་ལྟར་མི་འབྲི་མཐུ་མེད་བྱུང་།)བ་རིམ་བྱོན་གྱིས་ཐག་གཅོད་ཅིང་། ཀུན་མཁྱེན་ལྔ་བ་ཆེན་མོས་རྩེ་ཡིག་ཚང་བཙུགས་པ་ནས་དགོན་མ་ལག་ལྷ་སྡེ་ཤོག་ཚན་ཁག་གི་ཆབ་སྲིད་དང་ཆོས་ལུགས། དམག་དོན་གྱི་དབང་ཆ་ཆེ་ཤོས་ཐམས་ཅད་མངའ་དབང་བསྒྱུར་པས། སྐབས་དེའི་ཏང་སྲིད་ཀྱི་རྩ་འཛུགས་དང་བསང་རྫོང་སྲིད་གཞུང་སོགས་ལ་དོན་དུ་དབང་ཆ་ཅི་ཡང་མ་མཆིས་པས། ཁོ་ཚོས་བཀའ་ནན་ཇི་ལྟར་ཕབ་ཀྱང་མང་ཚོགས་ཀྱིས་ཨ་ལན་ཙམ་ཡང་མི་སྟེར་བའི་གནས་སུ་གྱུར། རྒན་གྱའི་གཞུང་འདིའི་ལོ་རྒྱུས་སུའང་ཚེ་སྲོག་གི་གཤེད་མར་གྱུར་པའི་དམག་འཁྲུག་སོགས་ཡང་ཡང་བྱུང་བ་ཡིན་ཏེ། བོད་བཙན་པོའི་དུས་སུ་ཐང་བོད་དམག་འཁྲུག་སོགས་བྱུང་བ་དང་སིལ་བུའི་དུས་སུ་དམག་འཁྲུག་བྱུང་ཚུལ་གོང་དུ་སོང་ཟིན་ཅིང་། ཉེ་རབས་འདིར་མཚོན་ན་ཡང་རབ་ཚེས་ས་རྟ་(སྤྱི་ལོ༡༩༡༨)ལོའི་ཟླ་དྲུག་པར་རྒན་གྱར་ཡུལ་ཁའི་ཤོག་པ་བརྒྱད་ཀྱིས་མྰ་ཆི་ཚང་གི་དམག་གི་གདོང་བཀག་སྟེ་དྲག་ཏུ་འཐབ་ཀྱང་མ་ཁོག་པར་ལོ་དེའི་ཟླ་བཅུ་གཅིག་པར་ཨ་མཆོག་དགོན་པ་འཇིག་དགོས་བྱུང་བ་དང་།  ཨ་མཆོག་མགོ་བས་ཐབས་ཟད་འུ་ཐུག་གིས་མྰ་ཆི་ཚང་ལ་མགོ་བསྒུར། ཤིང་གླང་(སྤྱི་ལོ༡༩༢༥)ལོའི་ཟླ་བཞི་བའི་ཚེས་ཉེར་ལྔ་ནས་ཉེར་བདུན་བར་ཉིན་གསུམ་ལ་རྒན་གྱའི་གཞུང་འདིར་དངུལ་རྭ་དང་རྒན་གྱའི་དམག་གིས་མྰ་པུའུ་ཧྥང་གི་དམག་དཔུང་དང་དྲག་ཏུ་འཐབ་སྟེ་མྰ་དམག་རྣམས་སྲན་ཕུང་དབྱུག་པས་གཏོར་བ་ལྟར་ཕྱོགས་ཡར་མར་དུ་དེད་ཅིང་། མྰ་པུའུ་ཧྥང་ཡང་བྲོས་ཏེ་རྒན་གྱའི་མཁར་ནང་གི་ས་དོང་ཞིག་ཏུ་ཡིབ་སྟེ་ཉིན་གསུམ་ལ་ཕྱིར་འབུད་མ་ཐུབ།ས་འབྲུག་(སྤྱི་ལོ༡༩༢༨)ལོའི་ཟླ་བཅུ་གཉིས་པར་མྰ་ཀྲུང་དབྱིན་དང་མྰ་ཐེན་ཞན་གྱི་དམག་དཔུང་གིས་དམག་སྤྱི་བློ་བཟང་ཚེ་དབང་གི་དམག་དཔུང་དང་གདན་ས་བཀྲ་ཤིས་འཁྱིལ་བསྐོར་ཡོད་སྟབས།རྒན་གྱའི་དམག་དཔུང་གདན་ས་ཆེན་པོའི་རམ་འདེགས་སུ་ཤར་སྐྱོད་བྱས་ཀྱང་མང་སྣ་ཉུང་གིས་མ་ཟིན་པར་ཧོར་ཟླ་བཅུ་གཉིས་པའི་ཉེར་གཅིག་ལ་གདན་ས་ནས་མཁས་པའི་དབང་བོ་གུང་ཐང་བློ་གྲོས་ཚང་གིས་སྐུ་ཡི་འཚོ་བ་སྡང་བའི་དགྲ་ལ་བཏང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་།རབ་རྒྱལ་ལྕགས་སྦྲུལ་(སྤྱི་ལོ༡༩༤༡)ལོར་གོ་མིན་ཏང་ཞིང་ནགས་ལས་ཤག་གིས་དགེ་འཕེལ་རི་ཁྲོད་དུ་རྟ་གསེབ་དང་ལུག་ཐུག་(ཁྲོམ།)གཉེར་བའི་ར་བ་ཞིག་བཙུགས་ཤིང་། ཕྱུགས་ར་དེ་དང་རྒན་གྱའི་འབྲོག་པའི་བར་རྩོད་གླེང་བྱུང་བ་དང་། རྒན་གྱའི་མི་གཉིས་ཕ་རོལ་པོའི་མཚོན་འོག་ཏུ་ཤོར་བར་བརྟེན། རྒན་གྱའི་གཞུང་གི་མི་དམངས་འུར་གྱིས་འཚོགས་ཏེ་གོ་མིན་ཏང་གི་ཕྱུགས་རའི་མཐའ་བསྐོར།འོན་ཀྱང་། དམག་སྤྱི་བློ་བཟང་ཚེ་དབང་གིས་གསན་ནས་མི་མངགས་ཏེ་མི་གྲོན་པར་སྟོང་འཇལ་རྒྱུ་བྱས་པས་རིམ་གྱིས་ཞི་འཇགས་བྱུང་། མི་རིགས་ནང་ཁུལ་ལ་མཚོན་ན་རེབ་གོང་རྒྱལ་བོ་སོགས་མཐའ་མཚམས་ཀྱི་རུ་སྡེ་དུ་མར་འཁྲུག་རྩོད་ཡུན་རིང་བྱས་ཏེ་མི་ཉམ་ཆུང་མང་བོའི་གཅེས་པའི་ཚེ་སྲོག་གྲོན་པ་བཅིངས་འགྲོལ་རྗེས་སུ་ཝང་ཧྥུན(汪锋)བྱ་བ་ལན་ཇུར་འབྱོར་བ་ནས་ཁོས་གཙོ་འགན་བཞེས་པས་དབྱེན་འདུམ་དང་གྱོད་བཤད་མང་དུ་བྱས་མཐར་དོན་དག་ཐག་གཅོད་ཐུབ་པའི་སྐལ་བ་བྱུང་ངོ་།།
རབ་རྒྱལ་ས་ཁྱི་(༡༩༥༨)ལོའི་ཟླ་བཞི་པའི་ནང་དུ་བཅིངས་འགྲོལ་དམག་གི་གདོང་བཀག་པར་བརྟེན། རྒན་གྱའི་ཨ་རྒ་དཀོན་མཆོག་རྒྱ་ལྡི་སོགས་གཡུལ་ངོར་ཞུགས་པ་མང་བོའི་ཚེ་སྲོག་གྲོན། བྲག་དཀར་དགོན་གྱི་གྲྭ་རིགས་དར་རྒྱས། བརྩོན་འགྲུས།ཆོས་འཕེལ་སོགས་དང་། རུ་སྡེ་སོ་སོ་ནས་སྐྱེ་བོ་བགྲང་གིས་མི་ལངས་པ་ཞིག་བཙོན་དུ་ཚུད་ཅིང་ཕ་ཡུལ་དང་གཏན་དུ་གྱེས། ས་སྤྲེལ་(༡༩༦༨)ལོའི་དབྱར་ཁར་ཡུལ་ཚོའི་དཔོན་པོ་རིན་མིང་བ་དང་མཱ་མིང་བ་གཉིས་གསར་བརྗེར་ངོ་ལོག་པའི་མིང་ཐོག་ནས་འདའ་དགོས་བྱུང་བ་སོགས་མདོར་ན་སྐབས་དེའི་ཟིང་འཁྲུག་དང་བཙོན་བཀག་ལྟོག་སྐོམ་རིག་གཞུང་རིག་དངོས་སོགས་ཕྱོགས་གང་ནས་བསམ་རུང་བསབ་ཐབས་བྲལ་བའི་གྱོང་གུད་ཕོག་པ་རྒྱལ་ཡོངས་ལ་ཟུར་བསྟན་ལེབ་མཐོང་ཡིན་པས་འདིར་མི་སྤྲོ་ཞིང་། རུ་སྡེ་ནང་ཁུལ་དུའང་མི་བསད་རྟ་འགྱེལ་སོགས་མི་ཉུང་བ་བྱུང་ཡོད་མོད། རེ་རེ་ནས་བརྗོད་པ་ལ་དོན་ལས་ཚེགས་ཆེ་བར་འདུག་པས་རེ་ཞིག་དེ་ཙམ་མོ།།

འདས་དུས་ལ་ཕྱིར་རྟོག་དང་ཕྱོགས་བསྡོམས་རེ་བྱས་ན། ཕྱོགས་འདིར་སྔོན་ཆད་སྤྱང་རིགས་ཀྱི་ནང་ཚན་རྒན་སྤྱང་གནས་པའི་གཞིར་གྱུར་སྟབས་རྒན་གྱ་བྱ་བ་ཡང་གདངས་དེ་ཟུར་ཆག་པར་གོང་དུ་གསལ་བ་ལྟར་ཡིན་ཞིང་། དུས་རབས་བདུན་པར་བཙན་པོའི་མངའ་ཐང་ཤར་ཕྱོགས་སུ་རྒྱ་བསྐྱེད་སྐབས་དབུས་དམག་སླེབས་ཤིང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་དར་རྒྱལ་མང་བོ་རྗེ་གཡུལ་སར་(དར་རྒྱལ་མང་བོ་རྗེ་ཤིང་སྤྲེལ་སྤྱི་ལོ་༦༢༤ནས་སྲོང་བཙན་གྱི་བློན་པོ་བྱས།ལྕགས་གླང་སྤྱི་ལོ་༦༤༡ལོར་ཀོང་ཅོ་རྒྱ་ནག་ནས་ཕེབས་སྐབས་བཙུན་མོ་བསུ་བར་རྒྱ་ནག་ཏུ་བསྐྱོད་པ་དང་ཆུ་གླང་སྤྱི་ལོ་༦༥༣ལོར་ཞིང་ཁྲལ་ལམ་ཕྱིང་ཁྲལ་བསྡུ་བའི་དབུ་མཛད། ས་ལུག་སྤྱི་ལོ་༦༥༩ལོར་གཡུལ་སར་སྐུ་གཤེགས། བློན་ཆེན་འདི་ལ་ཙི་ན་བས་大延芒布杰དང་།ཡང་ན།大河家ཟེར་བར་སྣང་ཞིང་། བློན་ཆེན་འདི་དང་མིང་གི་ཟུར་འདྲ་བ་གཞན་ཡང་ཡོད་དེ། ཤིང་ཕག་སྤྱི་ལོ་༦༧༥ལོར་བཙན་པོར་གསེར་སྲང་མང་བོ་འབུལ་མཁན་དང་། མེ་ཕག་སྤྱི་ལོ་༦༨༧དང་ས་བྱི་སྤྱི་ལོ་༦༨༨དང་ལྕགས་སྟག་སྤྱི་ལོ་༦༩༠བཅས་སུ་གྲོས་དཔོན་མཛད་ཅིང་ཤིང་རྟ་སྤྱི་ལོ་༦༩༤ལོར་སྐུ་གཤེགས་པའི་འབོན་དར་རྒྱལ་ཁྲི་ཟུང་ཟེར་བ་དང་། ཡང་། མེ་རྟ་སྤྱི་ལོ་༧༠༦དང་། མེ་ལུག་སྤྱི་ལོ་༧༠༧དང་ལྕགས་ཕག་སྤྱི་ལོ་༧༡༡དང་། ཆུ་བྱི་སྤྱི་ལོ་༧༡༢ཆུ་གླང་སྤྱི་ལོ་༧༡༣བཅས་སུ་གྲོས་དཔོན་དང་། ཤིང་སྟག་སྤྱི་ལོ་༧༡༤ལོར་འ་ཞའི་མཁོས་བགྱིས་ཏེ་མདོ་སྨད་འབུ་ཤིང་ཀུན་ཏུ་དམག་དྲངས་ཏེ་ཕྱིར་དབུས་སུ་སླེབས་པའི་དར་རྒྱལ་བཙན་སྲོང་གསུམ་ཕན་ཚུན་འཁྲུལ་བར་མི་བྱ་ཞིང་ངག་རྒྱུན་དུ་རྨ་ཆེན་གྱི་ཕྱོགས་བཞི་ན་དར་རྒྱལ་བཞི་ཡོད་དེ། ཤར་ན་རྒན་གྱའི་དར་རྒྱལ། ལྷོ་ན་སྟག་ཚང་ལྷ་མོའི་ཨ་དཀྱིལ་དར་རྒྱལ། ནུབ་ན་ཡུལ་ཤུལ་དར་རྒྱལ། བྱང་ན་བ་ཡན་གཡུ་ཚའི་དར་རྒྱལ་ཞེས་བྱ་ཞིང་དར་རྒྱལ་དང་བོ་དེ་ནོར་བུ་སུམ་ཚུགས་ཀྱི་དབྱིབས་སུ་ཡོད་པས་དར་རྒྱལ་ལུ་གུ་སྤུན་གསུམ་ཟེར་ཞིང་གོང་གི་བ་ཡན་(完颜)ཟེར་བ་ཅིན་རྒྱལ་རབས་ཀྱིས་དམག་དཔོན་བྱས་རྗེས་ཅན་དག་ལ་རྒྱལ་བོའི་རུས་མིང་གནང་བའི་སྲོལ་ཡིན་པར་བཤད་པ་དཔྱད་གཞི།)སྐུ་གཤེགས་པས། ཁོང་གི་དམག་ལྷག་རྣམས་ཀྱིས་བང་སོ་རི་འདི་ལ་བཏབ་སྟེ། སྐྱུང་ཚ་དམག་དཔོན་དང་ཁྲོ་ཚ་དམག་དཔོན་གཉིས་ཀྱིས་དམག་དྲངས་ཏེ་རྒྱ་དམག་ནག་རི་སྒང་བར་དེད་དེ་ཕྱིར་ལོག་ནས་རྒན་གྱའི་གཞུང་དུ་གནས་བཅས་ཏེ་རང་གི་རྗེ་བོ་མགོན་སྐྱབས་ཀྱི་གཞི་བདག་ཏུ་བཀུར་ཚུལ་སེང་གཤོང་ལོ་རྒྱུས་སུ་འབྱུང་བ་བཞིན་དུ་དོན་དངོས་དང་མཐུན་པའི་ལོ་རྒྱུས་སྒུལ་དུ་མེད་པ་ཡིན་པར་དངོས་སྟོབས་ཀྱི་རིགས་པས་གྲུབ་ཅིང་། སྒྲུབ་བྱེད་གཞན་དུ་འཚོལ་མི་དགོས་པ་ཡིན།འོན་ཀྱང་གདོད་མའི་འ་ཞ་དང་ཕྱོགས་གཞན་ནས་འོང་བའི་མི་རྒྱུད་ཡོད་པ་ནི་བཤད་མ་དགོས་པ་ཞིག་སྟེ།རྒན་གྱའི་སྦྲེའུ་ཚུགས་བདུན་ནམ་སྦྲེའུ་མཚེ་བདུན་ཇི་ལྟར་བྱུང་ཚུལ་གྱིས་ཤེས་པས་ཅུང་ཟད་གླེང་ན། རབ་བྱུང་བཅུ་བའི་ལྕགས་བྱི་(སྤྱི་ལོ༡༦༠༠)ཡས་མས་སུ་སྒོ་མེ་གཡུ་ཚ་ནས་རྒན་གྱར་མཆེད་པའི་མེས་པོ་ཀླུ་ཕྱུག་དང་རེབ་བཟའ་མའི་བུ་རྒྱུད་ཅིག་ལ་ཕྱིས་སུ་ཚང་ཧུའམ་ཆེན་ཧུའི་(千户)ཆོ་ལོ་བྱུང་བར་གསལ།མེས་པོ་ཀླུ་ཕྱུག་གི་སྲས་རྒན་གྱའི་བླ་མ་དཀར་དཀར་གྱིས་ལྕང་ཤར་དུ་ལྷ་ཁང་བདུན་བཞེངས་ཤིང་(འདི་སྤྱི་ལོ་༡༨༦༤ལོར་ཟ་ལར་འཁྲུག་པས་འཇིག)དེ་དཔོན་རྒྱུད་རིམ་པས་བསྐྱངས་པར་བསེ་འཇམ་དབྱངས་བཀྲ་ཤིས་ཀྱི་རྣམ་ཐར་དུ་གསུངས་ཤིང་། ཤིང་ཕག་(སྤྱི་ལོ༡༦༣༥)ལོར་བླ་མ་དཀར་དཀར་རིན་ཆེན་བཀྲ་ཤིས་(འདི་གཉིས་མི་གཅིག་ཡིན་ཚུལ་མདོ་སྨད་ཆོས་འབྱུང་དུ་བཤད།)དང་ཙུང་ལི་བསོད་ནམས་བཀྲ་ཤིས་ལྷན་དུ་ལྕང་ཤར་དུ་སྡེ་བ་ཆོས་རྗེ་ལ་གསུང་ཆོས་ཞུས་པར་སྡེ་བ་ཆོས་རྗེའི་རྣམ་ཐར་དུ་གསལ་བས་སོ།།

གོང་གསལ་གྱི་དོན་དེ་ཚིག་གི་འབྲུ་མ་ཉམས་པར་དྲངས་ན། བསེ་སྐུ་ཕྲེང་གཉིས་པའི་རྣམ་ཐར་ལས།“སྔོན་དུས་མདོ་སྨད་ཙོང་ཁའི་ཕྱོགས་ཀྱི་སྒོ་མེ་དབྱི་ཚ་(དེབ་ཐེར་རྒྱ་མཚོར་བྱ་ཁྱུང་སྟོད་ཀྱི་སྒོ་མེ་སྨད་ཀྱི་མཆོད་རྟེན་སྐེས་དགོན་གྱི་མཆོད་གཞིས་བགྲང་སྐབས་སྒོ་མེ་གཡུ་ཚ་ཞེས་གསལ་བ་དེ་ཡིན་ཞིང་ད་ལྟ་ཁྲི་ཀ་རྫོང་གཡུ་ཚ་ཡུལ་ཚོའི་ཁོངས་སུ་སྦྱར་འདུག་པ་དང་སྡེ་བ་བཞི་སྟེ།རྭ་ཆག་རྩ།མཁར་ནག  དེ་བོ་ཆེ། སྐྱིད་ལ་དགའ་བཅས་ཡིན་ཞིང་སྡོམ་པས་ཁྱིམ་གྲངས་ཉིས་བརྒྱ་བདུན་ཅུ་ལྷག་ཡོད་ལ་ཞིང་ཕྱུགས་གཉིས་ཀ་ཡོད་ཀྱང་རྩྭ་ས་བཟང་བས་གཙོ་བོ་ཕྱུགས་ལས་གཉེར་བཞིན་ཡོད།)ནས་མེས་པོ་ཚེ་ཕྱུག་དང་ཀླུ་ཕྱུག་(དཔའ་རིས་ལོ་རྒྱུས་སུའང་ཨ་ཕྱུག་དང་དཔའ་ཕྱུག་སྤུན་གཉིས་ལས་ཨ་རིག་དང་དཔའ་རིས་མཆེད་པར་བཤད་པ་དང་ཨ་མཆོག་ཚོ་བ་བརྒྱད་ཀྱང་ཕྱུག་མིང་ཅན་བཞི་དང་རྒྱལ་མིང་ཅན་གྱི་བུ་སྤུན་བཞི་སྟེ་བརྒྱད་ལས་མཆེད་པར་བཤད་པས་འདིས་སྔོན་གྱི་མིང་འདོགས་སྟངས་ཤིག་ཤུགས་ལ་རྟོགས་ནུས་སོ།།)སྤུན་གཉིས་ལས་ཀྱིས་བསྐུལ་ཏེ། མདོ་སྨད་ལྷོ་རྒྱུད་དུ་སྔར་མི་རུས་གཅིག་པར་གླེང་བའི་ཁ་གྱའི་ས་ཕྱོགས་རྩད་གཅོད་ཀྱིན་ཡོང་བ་རྡོ་སྦིས་ཡུལ་གྱི་གཞི་བདག་ཆེན་པོ་གཡིའི་ཐུལ་བ་ཅན་ཞེས་གྲགས་པའི་ལྷ་ཞོལ་དུ་ཆུ་སྔོན་གྱི་ལྷས་སྔོ་ལྡིང་ཟེར་བའི་ས་ནས་ལོ་ཤས་བསྡད།རིམ་གྱིས་ཁ་གྱའི་ས་བདག་དབང་ཆེན་འབུམ་(གཙོས་སྲིད་དོན་ལོ་རྒྱུས་སུ་རྒན་གྱའི་ཁ་གྱ་ཚང་གི་ས་བདག་དབང་ཆེན་འབུམ་དང་འཕྲད་དེ་ཞེས་ཡོད།)དང་འཕྲད། སྔ་རབས་ཀྱི་ལོ་རྒྱུས་བསྙད་ནས་མཚེར་ས་བསླངས་པ་ལ། དབང་ཆེན་འབུམ་གྱིས་ངའི་ཚ་བོ་གཉིས་འདིར་འོང་བ་ཤིན་ཏུ་ལེགས།ཁྱོད་གཉིས་ལ་རྩྭ་ཆུ་ཤིང་གསུམ་འཛོམས་པའི་ས་ཞིག་སྟེར་དགོས། དེ་ལ་དཀར་ཕྱོགས་སྐྱོང་བའི་ཤར་དར་རྒྱལ་གཉན་པོའི་ཉེ་འདབས། བྲག་དཀར་ལྷ་སྡིངས་རིང་མོའི་ལྷ་ཞོལ།ཡུལ་ལྷའི་རྒྱལ་བོ་གཉན་དམར་གྱིས་དབང་བསྒྱུར་པའི་ས་རྒན་གྱའི་གཞུང་འདི་ངས་ཁྱེད་གཉིས་ལ་བྱིན། འདིའི་སྟོད་ན་རི་དྭགས་ཀྱི་རྩེད་ས། བར་ན་ནོར་ཕྱུགས་སྐྱོང་ས།སྨད་ན་འབྲུ་དྲུག་གི་འཁྲུངས་ས་ཡོད་པའི་གནས་འདི་ནས་ས་བཟུང་ཞེས་ཞལ་ཏ་མང་བོ་བཅས་བྱིན་པ་ལ་བརྟེན་ནས་རིམ་གྱིས་དུད་ཚང་བདུན་ཆགས་པ་ལ།རྒན་གྱའི་སྦིས་ཚུགས་བདུན་(འདི་དུས་ཞོ་ཕུག་གི་ཨ་མྱེས་དགའ་བོའི་མདུན་ངོས་སུ་རས་ཁང་ཀླད་ཟེར་སར་སྦྲ་ཤུལ་རྐོ་ལུ་བདུན་དང་བསང་ཁྲི་བདུན་ཐབ་ཤུལ་བདུན་ཡོད་པར་ངག་རྒྱུན་འདུག་ཅིང་། ལ་ལས་གཟར་རྐོའི་ནང་ཟེར་ས་དེ་ཡིན་སྐད།)གྲགས་པ་བྱུང་།”ཞེས་གསུངས་པ་དང་།དེབ་ཐེར་རྒྱ་མཚོ་ལས།བོད་ཀྱི་རུས་ཆེན་དགའ་ལྡོང་འབྲི་གསུམ་གྱི་ནང་ནས་ལྡོང་།(མི་བུ་གདོང་དྲུག་གི་རུས་མཛོད་ལས་ལྡོང་གི་ནང་གི་རིགས་བཟང་བོ་གཙོ་བོ་རྣམས་ཨ་སྤོ་ལྡོང་ཞེས་དང་། ཡང་དེ་ཉིད་ལས།སྲས་ཆེ་བ་ཨ་སྤོ་ལྡོང་ཞེས་པ་ལྟར་རྒན་གྱས་ཕུ་བོ་ལ་ཨ་བྷི་ཟེར་བ་དང་འབྲེལ་བ་དམ་པོ་ཡོད་དམ་སྙམ་ཞིང་རྒན་གྱའི་དམངས་གླུ་ཞིག་ཏུ་“ལྡོང་གི་ལ་ལ་”ཞེས་པའི་གླུ་ཞིག་ཡོད་པའང་ལྡོང་རིགས་ཡིན་པ་དང་འབྲེལ་བ་ཡོད་དམ་སྙམ།)དེ་ལ་ཚ་ཆེན་བཅོ་བརྒྱད་ཡོད་པའི་ནང་ཚན་གཡུ་ཚ། ཁྲི་རལ་བ་ཅན་རྒྱ་ཡུལ་དུ་དམག་ལ་(སྤྱི་ལོ་༨༣༥ལོ་ཡིན་པར་གཙོས་སྲིད་དོན་ལོ་རྒྱུས་སུ་གསལ་ཡང་ཁུངས་མ་ངེས།)བྱོན་སྐབས་དམག་དཔོན་དུ་བསྐོས་པས་གཡུ་ཚ་དམག་དཔོན་ཐོགས། དེའི་མི་རྒྱུད་རྨ་ཕར་ཁའི་བ་ཡན་ཕྱོགས་ན་ཡོད་པ་ལས་སྤུན་གསུམ་ཕྱོགས་འདིར་འོངས།རྡོ་སྦིས་དུང་རི་ནས་རེ་ཞིག་བསྡད། ད་ལྟའང་ཕྱོགས་དེར་རྒན་གྱའི་དཔོན་ཚང་གི་རྒྱུད་པ་ཡོད། ཅེས་དང་། ཡང་། གཅན་ཚའི་དཔོན་པོའི་བུ་གཡུ་ཚ་དམག་དཔོན་འདི་ཕྱོགས་སུ་འོངས་པའི་རྒྱུད་ཡིན་ཡང་ཟེར། གང་ལྟར་དཔོན་ཕྱི་མ་འདི་ཉིད་བསང་གཞུང་དུ་བསྡད། ཆེན་ཆུན་གསུམ་ཡོད་པའི་ཆུན་མའི་བུ་ཕ་ནེ། ཁྲོ་རྒྱལ། གནམ་ལྷ་གསུམ། ཕ་ནེའི་རྒྱུད་པ་ཁ་གྱ། ཁྲོ་རྒྱལ་གྱི་རྒྱུད་པ་རྒན་གྱ།(ཚིག་འདིའི་གོང་འོག་གི་ཉམས་ལ་བརྟགས་ན་རྒན་གྱ་བྱ་བ་མི་ཞིག་གི་མིང་ཡིན་པའི་བཟོ་ལྟ་ཞིག་འདུག་པས་དཔྱད།)ཕྱི་མའི་རྒྱུད་པ་གནམ་ལྷ།དེའི་བུ་དབང་རྒྱལ། ཞེས་དང་། གཡུ་ཚ་དམག་དཔོན་གྱི་ཕུ་བོ་གཅན་ཚས་བསད་པའི་རྒྱུད་པ་རྒན་གྱའི་གཅོད་པ་སྐྱབས། དེའི་བུ་རྒན་གྱའི་པཎྜི་ཏ།ཞེས་བཤད་པ་འདི་དང་། ཀུན་མཁྱེན་རྣམ་ཐར་དག་ཏུ་དབལ་ཤུལ་གྱི་རྒྱུད་པ་སླེབས་རབས་བཤད་པ་དེ་དག་རྒན་གྱ་སྤྱིའི་ལོ་རྒྱུས་དང་རྒན་གྱའི་གདོད་མའི་ལོ་རྒྱུས་མ་ཡིན་པར་མི་ཚང་ཞིག་དང་དཔོན་ཚང་རེ་འགའ་བའི་རྒྱུད་པ་ཡིན་པར་ཤིན་ཏུ་གསལ་ལ།འོན་ཀྱང་ཡུན་རིང་སོང་རྗེས་ཀྱི་ངག་རྒྱུན་འདྲ་མིན་ཕྱིས་སུ་ཡི་གེར་བཀོད་པར་བརྟེན། གཞི་གཅིག་ལ་བཤད་ལུགས་མི་འདྲ་བ་བསེའི་རྣམ་ཐར་དང་དེབ་ཐེར་རྒྱ་མཚོ་ལྟ་བུ་སྟེ། དབྱི་ཚ་དང་། གཡི་ཚ། གཡུ་ཚ། རྡོ་སྦིས་དུང་རི་ནས་བསྡད་ཚུལ་སོགས་གང་ལ་དཔགས་ནའང་སྤྱི་ཁོག་གཅིག་ལ་བརྗོད་ཚུལ་མི་འདྲ་བ་བྱུང་འདུག་པ་མངོན་གསལ་ཡིན་པས་སོ།། འོན་ཀྱང་བསེ་འཇམ་དབྱངས་བཀྲ་ཤིས་ཀྱི་རྣམ་ཐར་ན་སྒོ་མེ་གཡུ་ཚ་ནས་འོང་བའི་ཀླུ་ཕྱུག་བྱ་བའི་སྲས་རྒན་གྱའི་བླ་མ་དཀར་དཀར་ཡིན་པར་གསལ་ཞིང་།   བླ་མ་དེ་རབ་བྱུང་བཅུ་གཅིག་པའི་ལྕགས་ཁྱི་(སྤྱི་ལོ༡༦༧༠)ལོར་འདས་པར་སྐལ་ལྡན་རྣམ་ཐར་དུ་གསལ་བས།རགས་རྩིས་བྱས་ན་མེས་པོ་ཚེ་ཕྱུག་ཀླུ་ཕྱུག་གཉིས་རབ་བྱུང་བཅུ་བའི་ལྕགས་བྱི་(སྤྱི་ལོ༡༦༠༠)ཡས་མས་སུ་སླེབས་པ་ཤེས་ཤིང་། དེ་ལྟར་ན་རྒན་གྱ་གོང་མའི་དཔོན་ཚང་ལ་ད་ལྟའི་བར་ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་ཤེས་སོ།།
དེས་ན། ངག་རྒྱུན་ཞིག་ཏུ་གཡུ་ཚ་ནས་ཚེ་ཕྱུག་དང་ཀླུ་ཕྱུག་གཉིས་ཕྱོགས་འདིར་སླེབས་སྐབས། བྲེ་བོ་ཀླུ་འབུམ་རྒྱལ་གྱིས་སྣེ་ལེན་བྱས་ལུགས་དང་། ཀླུ་འབུམ་རྒྱལ་དེ་ཉིད་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་རྒྱ་ཡུལ་ལ་དམག་འདྲེན་དུས་བྱས་པ་ཆེ་ལུགས་དང་། ཀླུ་འབུམ་རྒྱལ་གྱིས་ཧོར་གཙང་ཤིང་སྒོར་རྒྱ་བོད་ས་མཚམས་བཅད་ཚུལ་གྱི་ངག་རྒྱུན་ཡོད་པ་དོན་དངོས་དང་མི་མཐུན་ཚུལ་འོག་ཏུ་ཞོ་ཕུག་གི་སྐབས་སུ་འཆད་པར་འགྱུར་རོ།།
རྒན་གྱའི་སྦྲེའུ་ཚུགས་བདུན་ནམ་སྦྲེའུ་མཚེ་བདུན་ནི། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡིག་ཚང་གི་རྩིས་ཁྲ་ཞིག་ཏུ་གསལ་བ་ལྟར་ན། སྐབས་དེའི་སྦྲེའུ་ཚུགས་བདུན་ནི། སུ་རུག རིན་ཆེན། རྩེ་དབུས། གླ་ནག ཞོ་ཕུགལྕང་ཤར་བཅས་དྲུག་དང་དེའི་སྟེང་དུ་ཚོ་བ་བཞི་གཅིག་ཏུ་བྱས་ནས་ཀུན་མཁྱེན་བཞི་བ་དང་ལྔ་བ་ཟུང་གི་དུས་སུ་དེ་ལྟར་བརྩིས་ཡོད་པ་དང་། འདི་ཧ་ལམ་སྨོན་ལམ་ཤོག་པ་ཡིན་མོད་དེའི་ནང་དུ་ཚ་ཁའི་སྟག་རིང་ཡང་འདུ་དགོས་པས་དཔྱད་དགོས་ལ།ཡང་། ལྕགས་ཕག་(སྤྱི་ལོ༡༩༧༡)ལོའི་༩/༡༥ཉིན། སྐབས་དེའི་རྒན་གྱའི་རྒན་པོ་རྣམས་འདུས་ཏེ་ངག་རྒྱུན་ཟིན་བྲིས་སུ་བཏབ་པའི་ཤོག་དྲིལ་ཞིག་ཏུ་འདི་ལྟར་འཁོད་ཡོད་དེ། སྦྲེའུ་ཚུགས་བདུན་གྱི་འབྱུང་ཁུངས། ཕ་དཔའ་རིས་ཨ་མྱེས་དཔལ་ཆེན་ཚེ་རིང་ཡིན། ཞོ་ཕུག་རས་ཁང་ཀླད་དུ་བསྡད་དེ་ཁྱིམ་ལ་བུ་བདུན་ཡོད། རས་ཁང་ཀླད་དུ་བགོས་ནས་བུ་བདུན་པོས་སྦྲ་བདུན་ཕུབ།བུ་ཆེ་བ་རིན་ཆེན་ཚེ་རིང་ཕ་ཁྱིམ་དུ་བསྡད་ཅིང་དེང་སང་ཞོ་ཕུག་ན་ཚང་གི་ཁྱིམ་རྒྱུད་ཡིན། བུ་གཉིས་པ་མཁའ་འགྲོ་ཚེ་རིང་། ཁ་གྱའི་དཔོན་པོ་ནག་ནག་གི་མེས་པོ་ཡིན་ཞིང་བེ་ཧུ་ཡིན།བུ་གསུམ་པ་བཀྲ་ཤིས་ཚེ་རིང་། རིན་ཆེན་ལྷ་བཞིས་དཔོན་པོ།བུ་བཞི་བ་པད་མ་ཚེ་རིང་།བར་མཐའི་མེས་པོ་ཡིན་ཞིང་ཆང་ཧུ་ཡིན།བུ་ལྔ་བ་ཀུན་ཐར་ཚེ་རིང་། གོང་མའི་དཔོན་པོའི་མེས་པོ་དབང་ཕྱུག་འབུམ། བེ་ཧུ། བུ་དྲུག་པ་ཤིས་པ་ཚེ་རིང་། ཤིས་སྐོར། བཀའ་བཅུ་བ། སྐུ་འབུམ་དང་དཔའ་མཁར་བརྩིགས། བེ་ཧུ་ཡིན།བུ་བདུན་པ་ཚེ་རིང་ཐར། རི་ངར། བེ་ཧུ།ཞེས་ཟིན་བྲིས་དེར་ཡོད་དོ།།  འདིར་དཔའ་རིས་ནས་མཆེད་པར་བཤད་པ་དང་། གོང་དུ་སྒོ་མེ་ནས་ཚེ་ཕྱུག་བུ་སྤུན་གཉིས་སླེབས་པར་བཤད་པ་གོང་འོག་བསྒྲིགས་ན། གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་རྣམ་ཐར་ལས།སྐབས་ཤིག་བྲ་སྡེའི་ཚེ་ཕྱུག་འཕན་བྱ་བ་ཞིག་བོད་ཀྱི་ཁྲི་དཔོན་ལ་དབང་བསྒྱུར།  མི་རབས་ཁ་ཤས་ཀྱི་མཚམས་ནས་ཁྲི་དཔོན་གྱི་མངའ་ཐང་ཉམས་པས།  ཚེ་ཕྱུག་འཕན་གྱི་རྒྱུད་པ་གླེ་གཤིན་བོན་དམར་བྱ་བ་བོན་ལུགས་ཀྱི་གྲུབ་ཐོབ་ཅིག་བྱུང་བ་དེས་བྲ་སྡེ་གཙོས་པའི་བོད་སྡེ་མི་ཉུང་བ་ཙམ་ཁྲིད་ནས་མདོ་སྨད་ཀྱི་བྱང་གི་མཐའ་རི་བྲག་ནགས་ཚལ་ཡོད་པའི་གནས་བཟུང་། ཞེས་པའི་ས་ཆ་དཔའ་རིས་ཡིན་མོད། ཚེ་ཕྱུག་ཅེས་པའི་མི་སྣ་དེ་དང་གོང་གི་ངག་རྒྱུན་བཀོད་པར་ཕ་དཔའ་རིས་ཨ་མྱེས་དཔལ་ཆེན་ཚེ་རིང་བྱ་བ་དེ་གཉིས་ལའང་འབྲེལ་བ་ཞིག་ལོས་ཡོད་སྙམ་པའི་དོགས་པ་ངང་གིས་འཆར་ཞིང་། ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་སུ་ཡང་འདི་ཁྲི་ལྡེ་དང་འབྲེལ་བ་ཡོད་པར་བཤད་འདུགཡང་སྦྲེའུ་ཚུགས་བདུན་ནམ་སྦྲེའུ་མཚེ་བདུན་བརྩི་སྟངས་ཞིག་ལ།རྒན་གྱ་གོང་ཞོལ་བར་གསུམ་ཕྱེ་སྟེ། གོང་མ་ནི་ཡོངས་གྲགས་ལྟར་དང་། བར་མ་བར་མཐའ་དང་རིན་ཆེན། ཞོལ་སྐོར་ཞོལ་ཕུག་གཉིས་ཞོལ་དུ་བགྲང་སྟེ་གོང་ཞོལ་བར་གསུམ་གྱི་རུ་སྡེ་ལྔའི་ཐོག་ཏུ་གླ་ནག་དང་ལྕང་ཤར་བསྣན་པས་བདུན་ཡིན་ཟེར།འདི་ཅུང་ཟད་དཔྱད་བཟོད་པར་མངོན་ཡང་གོང་གི་ངག་བགྲོས་དང་མི་མཐུན་པས་དཔྱད་གཞི་དང་། བརྩི་ཚུལ་གཞན་དབལ་སྡེ། རྩེ་དབུས། ཞོ་ཕུགགླ་ནགཚ་ཁ། སྟག་རིང་།ལྕང་ཤར་བཅས་བརྩི་ཚུལ་ཡང་མཆིས། སྤྱིར་སྦྲེའུ་ཚུགས་བདུན་ནམ་སྦྲེའུ་མཚེ་བདུན་བྱ་བ་རྒན་གྱའི་ལོ་རྒྱུས་ཀྱི་ཐོག་མཐའ་གང་ཡང་མིན་པར་བར་སྐབས་ཤིག་གི་ཐ་སྙད་ཅིག་ཡིན་པས་སྤྱིར་རྒན་གྱ་བ་ཡིན་མིན་ཐ་སྙད་དེས་ཐག་མི་ཆོད་ཅིང་། དུས་ཀྱི་འགྱུར་བ་དང་བསྟུན་ནས་སྦྲེའུ་ཚུགས་བདུན་ནམ་སྦྲེའུ་མཚེ་བདུན་གྱི་ཁྱབ་ཁོངས་ལའང་འགྱུར་བ་འབྱུང་སྟེ། བྲག་དཀར་ལྟ་བུ་རི་དང་ཡུལ་གྱི་མིང་ཐོགས་ན་ནང་གི་སེམས་ཅན་ལ་དར་རྒུད་ཅི་འདྲ་བྱུང་རུང་ས་ཁྱོན་རང་འཇགས་ཡིན་མོད། སྦྲེའུ་མཚེ་བདུན་ལྟ་བུ་ཁྱིམ་དང་རུས་ཀྱི་སྒོ་ནས་མིང་ཐོགས་པས་ན་དེའི་འཕེལ་འགྲིབ་ལ་བརྟེན་ནས་ས་ཁྱོན་ཡང་འགྱུར་འགྲོ་བས། སྦྲེའུ་ཚུགས་བདུན་ནམ་སྦྲེའུ་མཚེ་བདུན་བརྩི་སྟངས་ལའང་ངེས་བརྟན་མེད་པ་ཞིག་བྱུང་བ་འདི་ཡིན་ནོ།།

 
མུ་འགོད།
སྤེལ་མཁན། ཚེ་རིང་དོན་གྲུབ།   རྩོམ་འགན། ཚེ་མགོན།

ངེད་ཚོའི་སྐོར། | འབྲེལ་ཞུ། | གསལ་ཞུ། | མཛའ་འབྲེལ། | མཉེན་ཆས་ཡར་སྤྲོད།

CopyRight © 2011-2020 BODYIG.NET 【མཉེན་ཆས་གླིང་།】 | 陇ICP备15003445-10 | 甘公网安备 62302702270011号

ཆེད་ཞུ། འདི་གའི་མཉེན་ཆས་སོགས་ཀྱི་རྒྱུ་ཆ་ཚང་མ་སྤྱོད་པར་ཕྱོགས་གང་གི་ཁེ་དབང་ལ་གནོད་སྐྱོན་ཐེབས་ཀིན་ཡོད་ཚེ། ངེད་ཅག་གིས་རེ་ཞུ་ལྟར་མྱུར་མོར་བརྩད་གཅོད་སྒོས་ཐག་གིས་གཅོད་ཆོག