བབས་གནས།  དབུ་ངོས།སྐབས་དོན། ཤེས་བྱ། → ༄༅།། ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁོངས་ཀྱི་གེ་སར་སྒྲུང་གི་རིག་གནས་རྗེས་ཤུལ་རྟོག་ཞིབ།

༄༅།། ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁོངས་ཀྱི་གེ་སར་སྒྲུང་གི་རིག་གནས་རྗེས་ཤུལ་རྟོག་ཞིབ།

ཡོང་ཁུངས། དྲ་བརྩོམ་པ་པོ། རྟ་མགྲིན་རྡོ་རྗེས་བྲིས། འཇམ་དབསྤེལ་དུས། 04-21
 

        བསང་ཆུ་རྫོང་ནི་ཤར་དུ་ཀ་ཆུ་དང་། ནུབ་ཏུ་ཀླུ་ཆུ་ཤིས་ཚང་། ཤར་ལྷོར་ཅོ་ནེ་དང་བཱ་ཙེ། ནུབ་བྱང་དུ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་དང་ཐུན་རིན་རྫོང་གཉིས་དང་འབྲེལ་ཡོད་ཅིང་། ཀན་ལྷོ་ཁུལ་གྱི་ལྟེ་གནས་གཙོས་གྲོང་ཁྱེར་ནས་བསང་ཆུ་རྫོང་མཁར་བར་སྤྱི་ལེ་༧༨ ཡོད། དེ་སྔ་རྫོང་འདིའི་ཁོངས་སུ་བླ་བྲང་གྲོང་རྡལ་དང་རྒན་གྱ། བསང་ཁོག ཁོ་ཚེ། ཡ་རུ་རྒྱུད། ཨ་མཆོག འབོ་ར། དམེ་ཤུལ། ཐང་དཀར་ནང་། བང་སྒར་ཐང་། མར་ཐང་། ཆུ་སྔོན། མདའ་མེད་བཅས་ཡུལ་ཚོ་བཅུ་གསུམ་གྱིས་གྲུབ་ཡོད་ལ། སྙན་པའི་གྲགས་པ་འབར་བའི་བོད་ཀྱི་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་བླ་བྲང་བཀྲ་ཤིས་གཡས་སུ་འཁྱིལ་བའི་དགོན་ཡང་གནས་འདིར་ཆགས་ཡོད། དགོན་པ་འདིར་དགོན་མ་ལག་བརྒྱ་དང་བརྒྱད་བཅས་མངའ་ཞིང་། རྫོང་འདིའི་ཁོངས་སུ་བསྡོམས་པས་རི་ཁྲོད་དང་གྲུབ་མཐའ་སྣ་འདུས་ཀྱི་དགོན་སྡེ་༡༢༠ལྷག་ཡོད། ༡༩༩༧ལོར་གཙོས་གྲོང་ཁྱེར་བཙུགས་ཚུན་དུ། བསང་ཆུ་རྫོང་ཁོངས་ཀྱི་ཡུལ་ཚོ་དང་དགོན་སྡེ་ཁག་ཅིག་གཙོས་གྲོང་ཁྱེར་གྱི་ཡུལ་ཁོངས་སུ་བཅད། ཀུན་མཁྱེན་སྐུ་ཕྲེང་ལྔ་བའི་སྐུ་རིང་ལ་བླ་བྲང་དགོན་པར་གཏོགས་པའི་ཚོ་བ་ཤོག་པ་ལ་བསང་ཆུ་རྫོང་ཕུད། ཀླུ་ཆུ་དང་རྨ་ཆུ། རྔ་བ། མཚོ་སྔོན་དང་སོག་པོའི་ཚོ་ཆེན་ཞེ་དགུ་བཅས་ལྷ་སྡེ་ཚོ་བ་ཤོག་པ་མང་དུ་ཡོད། ལྷ་སྡེ་འདི་དག་གི་ནང་ནས་བླ་བྲང་དགོན་པའི་ཐད་གཏོགས་ཚོ་བ་བརྒྱད་མཆིས་ཤིང་། དེར་ལྷ་སྡེ་ཤོག་པ་བརྒྱད་ཟེར། ཤོག་པ་བརྒྱད་ནི། རྒན་གྱའི་ཚོ་དྲུག བསང་ཁོག་ཚོ་རྩེ་བདུན། ཁོ་ཚེ་ཚོ་གསུམ། རྡོ་དཀར་ཉིན་སྲིབ། དངུལ་རྭ་ཤོག་གསུམ། མཛོད་དགེ་ཉིན་མ་ཤོག་པ་དྲུག རྔ་སྟོད་ཚོ་དྲུག ལྷ་སྡེ་ཤོག་བཞི་རྣམས་ཡིན། གཞན་ཡང་། ཨ་མཆོག་ཚོ་བརྒྱད་དང་། ཀླུ་ཤོད་ཚོ་བརྒྱད། འབོ་ར་ཤོག་བཞི། ཙ་ཡུས་སྟོད་སྨད། རྔོག་ཚོ་བ་ལྔ། མཚོ་སྔོན་གྱི་ཞོ་གོང་བར་སོགས་ཐད་གཏོགས་ལྷ་སྡེ་ཤོག་པ་ཡོད། རྫོང་འདིའི་མངའ་ཁོངས་ཀྱི་ཡུལ་གྲུ་དག་ཏུ་སྔོན་གྱི་དུས་ནས་གེ་སར་སྒྲུང་དང་འབྲེལ་བའི་རིག་གནས་རྒྱུན་མ་ཆད་པར་དར་ཡོད་དེ། བླ་བྲང་དང་ཧོར་གཙང་། བང་སྒར་ཐང་། ཁ་གྱ། ཀླུ་ཤོད་བཅས་སུ་གེ་སར་སྒྲུང་དང་འབྲེལ་བའི་རྣམ་ཐར་དར་བས་མི་ཚད། གེ་སར་གྱི་སྒྲུང་བཤད་མཁན་མང་པོ་ཞིག་ཀྱང་བྱུང་ཡོད། ད་དུང་གེ་སར་སྒྲུང་དང་འབྲེལ་བའི་ངག་རྒྱུན་རྗེས་ཤུལ་ཡང་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད། དེ་ཡང་། བསེ་ཁྲི་ཆེན་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་འཇམ་དབྱངས་བཞད་པའི་རྣམ་ཐར་རྒྱས་པ་ལས།"རྒན་གྱ་རྟིང་རིང་ལྷས་ཁྲ་ཏིང་ཟེར་བའི་ས་འདིར་ཀུན་མཁྱེན་བླ་མའི་འཁྲུངས་ཡུལ་ཡིན་ལ། ས་འདི་གླིང་གེ་སར་རྒྱལ་པོ་འཁྲུངས་ཡུལ་ཡིན།" ཞེས་པའི་ས་ཆ་འདི་ནི་ད་ལྟའི་སྲིད་འཛིན་གྱི་བགོ་སྟངས་ལྟར་ན། བསང་ཆུ་རྫོང་རྒན་གྱ་ཞང་དབལ་སྡེ་སྟེ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོའི་འཁྲུངས་ཡུལ་ཡིན་པར་འདོད། འཇམ་དབྱངས་བཞད་པའི་རྣམ་ཐར་སྐལ་བཟང་མཇུག་ངོགས་ལས།"ཀུན་མཁྱེན་སྐུ་ཕྲེང་དང་པོའི་འཁྲུངས་ཡུལ་ནི། བོད་དང་བོད་ཆེན་པོ་གཉིས་སུ་གྲགས་པ་དག་ལས་ཕྱི་མ་སྟེ་མདོ་ཁམས་སྨད་ཀྱི་ས་ཆ། འཁོར་ལོ་སྡོམ་པའི་ཕོ་བྲང་མངོན་སུམ་དུ་བཞུགས་པའི་གནས་ཆེན་བྲག་དཀར་དང་ཧ་ཅང་ཐག་མི་རིང་བའི་གནས། རྒན་ཀྱའི་ལྟིང་རིང་ཞེས་པ་དེ་ཡིན།" ཞེས་པ་ལས་རྒན་གྱའི་རྟིང་རིང་ལྷས་ཁྲ་ཏིང་དང་རྒན་ཀྱའི་ལྟིང་རིང་ཞེས་པ་གཉིས་ནི་ས་ཆ་གཅིག་ཏུ་ངེས་པར་སྙམ། མཁས་པའི་བཞེད་དགོངས་ལྟར་ན། གླིང་གེ་སར་དང་ཀུན་མཁྱེན་སྐུ་ཕྲེང་དང་པོ་གཉིས་ནི་ས་ཆ་གཅིག་ནས་སྐུ་འཁྲུངས་པར་ངོས་འཛིན་གནང་བ་འདིས། ཀུན་མཁྱེན་སྐུ་སྐྱེས་དང་པོའི་མཛད་རྣམ་དང་ལག་རྗེས་ཀྱི་ཐད་ནས་འདྲ་མཚུངས་སུ་སྨོན་པར་མཐོང་བས་ན་མདོ་སྨད་ས་ཡིི་ཐིག་ལེ་འདིར་དཔའ་བོ་ཡིན་ལ་བླ་མའང་ཡིན་པ་གེ་སར་ལྟ་བུའི་ཟོལ་གྱིས་གདེང་འཇོག་བྱས་པ་དང་སྐུ་བསྟོད་ཅིག་གི་ཚུལ་དུ་བྲིས་པ་ཡིན་སྙམ། སྒྲུང་ལས། ང་དང་ང་ངོ་མ་ཤེས་ན། །བདག་རྒྱལ་མཆོག་འདྲེན་པའི་བླ་མ་ཡིན། །ང་དང་ང་ངོ་མ་ཤེས་ན། །སྐྱེས་བུ་སངས་རྒྱས་གསུམ་པ་ཡིན། །ཞེས་པས་གེ་སར་རྒྱལ་པོ་ཁོང་ནི་དཔའ་བོ་ཡིན་ལ་སངས་རྒྱས་ཀྱང་ཡིན་པ་མཚོན་ཞིང་། ཀུན་མཁྱེན་སྐུ་སྐྱེས་གོང་མ་ཉིད་ལ་ཡོན་ཏན་གྱི་ཆ་ནས་བསྟོད་པ་ཕུལ་བ་ཞིག་ཨེ་ཡིན་སྙམ། དམྱལ་གླིང་རྫོགས་པ་ཆེན་མོ་རུ།"དེ་ནས་རྒྱལ་མཆོག་སེང་ཆེན་རིན་པོ་ཆེ་ཁོང་བོད་ཀྱི་གནས་ཆེན་ཉེར་ལྔ་གནས་ཕྲན་ཕྱོགས་མེད་རྣམས་ལ་ཕེབས་ནས་ལོ་སྒྲུབས། ཟླ་སྒྲུབས། བདུན་སྒྲུབས་སོགས་མཛད།" ཅེས་པ་དང་། གཞན་ཡང། "བོད་ཆེན་པོའི་ཡུལ་ལྗོངས། ཤར་དུང་རི་འཁོར་ལོ་སྡོམ་པའི་གནས་མཆོག་དམ་པ་དེ་ཉིད་བེཌཱུརྱའི་ལྷུན་པོ་བརྩེགས་པ་འདྲ་བ་ལ་རྩི་ཤིང་སྣ་ཚོགས་པ་སྐྱེས་ཤིང་ཡིད་དུ་འོང་བའི་ཆུ་རྒྱུན་འབབ་པ་དང་། མདུན་ལྗོངས་ནི་འབྲུ་སྣའི་ཕུང་བོ་སྤུངས་པ་འདྲ་བ་ལ་རྐང་འཐུང་གི་ཕྲེང་བ་ཚར་དུ་དངར་བའི་ཁྲོད་ན་ཡིད་དུ་འོང་བའི་བྱ་དུ་མ་སྐད་སྙན་པར་སྒྲོག་པའི་དགེ་མཚན་དུ་མ་དང་ལྡན་པའི་དགེ་བཅུ་ཚང་བའི་རི་རྩེར་རང་བྱུང་ལྷུན་གྱིས་གྲུབ་པའི་ཕོ་ལུས་སྒྲུབ་ཁང་དུ་བྱོན་ནས་ཏིང་ངེ་འཛིན་ལ་ཉིན་བདུན་གྱི་བར་དུ་བཞུགས" ཞེས་པ་ལས་གེ་སར་ཁོང་གིས་ནག་པོ་བདུད་རིགས་ཡོངས་སུ་འདུལ་རྗེས་བོད་ཡུལ་གྱི་ས་ཆ་སོ་སོར་སྒོམ་སྒྲུབ་མཛད་དུས་གེ་སར་ཁོང་ཉིད་བོད་ཡུལ་གྱི་གནས་ཆེན་ཁག་ཏུ་ཞབས་ཀྱིས་བཅགས་ནས་དགེ་བའི་ལས་དོན་བསམ་གྱིས་མི་ཁྱབ་པ་སྒྲུབ་པར་གནས། དེ་ཡང་མདོ་སྨད་ས་ཡི་ཐིག་ལེ་ལྟར་གྱུར་བའི་རྒན་གྱའི་བྲག་དཀར་གནས་རི་ནི་འཛམ་གླིང་གི་གནས་ཆེན་ཉེར་བཞིའི་ཡ་གྱལ་དང་དཔལ་འཁོར་ལོ་སྡོམ་པའི་གནས་ཡིན་ཞིང་། བྲག་དཀར་གནས་བསྟོད་དུ།"གནས་ཉེར་བཞི་གང་ལ་ངོས་འཛིན་པ་ནི། སྡེ་ཁྲི་རྡོ་རྗེ་འཆང་འཇམ་དབྱངས་ཐུབ་བསྟན་ཉི་མས་བྲག་སོར་མོའི་དབྱིབས་སུ་འདུག་པས་ན་ག་ར་ཡིན་པར་སྣང་ཞེས་གསུངས་ལ། ཡང་མཁན་ཆེན་ངག་དབང་ཐུབ་བསྟན་རྒྱ་མཚོས། མཚན་ཡོངས་སུ་གྲགས་པ་བྲག་དཀར་ཞེས། །ཡུལ་ཉེར་བཞིའི་ཡ་གྱལ་ན་ག་ར། །མ་གུང་རུ་ཡེ་ཤེས་མཁའ་འགྲོ་མས། །ཐུགས་བརྩེ་བའི་བདག་གིར་མཛད་པའི་ཞིང་། ། ཞེས་རྒན་གྱའི་བྲག་དཀར་ནི་གནས་ཆེན་ན་ག་ར་ཡིན་པར་དམ་པ་རྣམས་ཞལ་མཐུན་ཞིང་། ཆོས་ཀྱི་རྒྱལ་བོ་ཀུན་མཁྱེན་འཇམ་དབྱངས་བཞད་པས། རྒན་གྱའི་པཎྜི་ཏར་འཁོར་ལོ་སྡོམ་པའི་ཕོ་བྲང་ཡིན་པས་རྒྱུད་གྲྭ་ཞིག་བཙུགས་ན་ལེགས་ཞེས་བཀའ་གནང"བ་སོགས་ཀྱིས་བྲག་དཀར་ནི་འཁོར་ལོ་སྡོམ་པའི་བདེ་མཆོག་གི་གནས་ཡིན་པ་ལུང་གིས་སྒྲུབ་ཅིང་། ཡང་རྗེ་སྐལ་ལྡན་རྒྱ་མཚོའི་ཆོས་འབྱུང་ལས། "ཨུ་རྒྱན་གྱིས་སྤྲུལ་བ་དུ་མ་བཀྱེ་སྟེ་དན་ཏིག མཚོ་སྙིང་། གཉའ་གོང་བྲག་དཀར་རྣམས་ཀྱི་གནས་སྒོ་ཕྱེ། ཕྱི་མ་འདི་བླ་མ་འཕགས་པ་དང་། ཏ་དབོན་གཞོན་ནུ་སེང་གེ་སོགས་ཀྱིས་ཇེ་གསལ་དུ་བཏང་།"ཞེས་པ་དང་།བོད་ཁ་བ་ཅན་གྱི་ས་ཕྱོགས་སུ། ། དཔལ་ཨུ་རྒྱན་པདྨ་འབྱུང་གནས་ཕེབས། ། སྤྱིར་མཁའ་འགྲོའི་གནས་སྒོ་གྲངས་མེད་ཕྱེ། །སྒོས་གཅིག་ཆར་སྤྲུལ་བ་བརྒྱ་ཕྲག་བཀྱེས། །ཤར་གཉའ་གོང་བྲག་དཀར་གནས་ཆེན་དང་། །གནས་བཅུ་གཅིག་ཤེད་གྱི་དགོན་པ་སོགས། །མ་མཁའ་འགྲོའི་ཕོ་བྲང་བརྒྱ་ཕྲག་གི །སྒོ་ཕྱེ་ཞིང་ལྷ་འདྲེ་དམ་ལ་བཏགས། །"ཞེས་པ་འདི་ལས་སྔོན་གྱི་དུས་ན་སློབ་དཔོན་པདྨ་འབྱུང་གནས་ཁོང་ཉིད་གནས་འདིར་བྱོན་ནས་ལྷ་འདྲེ་འདུལ་བ་དང་། སྤྲུལ་བར་བརྟེན་ནས་གནས་སྒོ་འགྱེད་པ་སོགས་ཀྱི་ཤུལ་ཡིན་ཞིང་། ཧོར་གླིང་གཡུལ་འགྱེད་ལས།"དཔལ་བདེ་མཆོག་ནོར་བུའི་ཕོ་བྲང་། །དབྱིབས་གྲུ་བཞི་ས་ཡི་གདན་ཐོག །གཡུ་སྦྲ་མཐིང་ཤིག་གོང་དགུ་ན། །སྐྱ་ལོའི་སེང་ལྕམ་འབྲུག་མོ་གནས། །"ཞེས་པ་ལས་འབྲུག་མོའི་བཞུགས་གནས་ནི་བདེ་མཆོག་གི་གནས་ཡིན་པ་སོགས་འདྲ་ཞིང་། འབྲུག་མོ་ཉིད་ནི་མཁའ་འགྲོ་མའི་སྤྲུལ་བ་མངོན་སུམ་ཡིན་པས་བོད་ཀྱི་གནས་ཆེན་སོ་སོར་ཞབས་ཀྱི་པདྨོ་བཀོད་ཡོད་པ་བསྙོན་དུ་མེད། ས་གནས་ངག་རྒྱུན་དུ་ཡང་། བྲག་དཀར་གནས་རི་ན་འབྲུག་མོའི་ཕྱུར་བ་ལེན་ས་ཞེས་པའི་རྗེས་ཤུལ་སྟོན་རྒྱུ་ཡོད་པ་འདི་རྣམས་ལས་ཀྱང་གནས་འདི་ནི་འབྲུག་མོ་དང་གེ་སར་གྱི་ཞབས་བཀོད་གནང་ས་ཡིན་ཞེ་ན་བདེན་པར་རློམ། དེ་མིན་གེ་སར་ཁོང་ཉིད་རྒན་གྱ་དང་ཉེ་འབྲེལ་གྱི་ས་ཕྱོགས་སུ་བྱོན་ཚུལ་ལ། རྗེ་དམུ་དགེ་བསམ་གཏན་མཆོག་གི་གསུང་འགྲེལ་དུ།"དེ་ནས་བྱང་ཕྱོགས་སུ་སོང་བའི་བླ་བྲང་དགོན་པའི་གཡས་ཕྱོགས་ཀྱི་སྤང་གཞུང་ཆེན་པོ་དེར་གླིང་གི་དཔའ་ཐུལ་དམག་དཔུང་དང་བཅས་པས་ལྷ་བསང་ཆེན་པོ་ཞིག་བཏང་བའི་སྟབས་ཀྱིས། སྤང་གཞུང་དེ་ལ་བསང་གཞུང་ཟེར་ཞེས་བླ་བྲང་གདན་རབས་སོགས་ལོ་རྒྱུས་འགའ་ན་ཡོད། དེ་ནས་འབབ་པའི་ཆུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མདུན་བརྒྱུད་དེ། ཧོར་གཙང་ཁོག་ཏུ་འབབ་པ་དེ་ལ་བསང་ཆུ་ཟེར།" ཞེས་པས་ད་ལྟའི་བསང་ཆུ་རྫོང་དུ་ཐོགས་པའི་ས་མིང་འདི་ཡང་གེ་སར་དང་འབྲེལ་བ་ཡོད་པར་བཤད་ཅིང་། བསང་ཆུ་རྫོང་གི་ཡུལ་ཁོངས་སུ་གླིང་གི་མི་རྒྱུད་མཆེད་པའི་ཐད་ལ་བཤད་ཚུལ་ཡོད་པ་རེད།"དེ་ལྟའི་གླིང་རུས་དེ་དག་སྟོད་པ་སྣམ་ནས་སྨད་ཀན་སུའུ་བསང་ཆུ་རྫོང་གི་སྒ་གྱའི་བར་དུ་གླིང་རུས་ཀྱིས་མ་ཁྱབ་པ་མེད" ཅེས་པར་གཞིགས་ན་གླིང་བའི་མི་རྒྱུད་འདི་ཡང་སྟོད་ཀྱི་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་པ་སྣམ་ནས་མདོ་སྨད་ཀྱི་བསང་ཆུ་རྫོང་ཁོངས་ཀྱི་རྒན་གྱའི་ཡུལ་འདིར་ཆད་པ་བྱུང་བ་འདི་ནི་སྔོན་གྱི་མཁས་པའི་གསུང་སྒྲོས་ལྟར་ན། རྒན་གྱ་ནི་གེ་སར་གྱི་འཁྲུངས་ཡུལ་ཡིན་ཞེས་པ་ཡང་རྒྱུ་མཚན་ཅན་ཞིག་ཏུ་ཆགས་ཡོད་པར་འདོད། དེ་ནི་གེ་སར་སྒྲུང་གི་ཆེད་མཁས་གཅོད་པ་དོན་གྲུབ་དང་ཆབ་འགག་རྟ་མགྲིན་སོགས་ཀྱི་བརྩམས་ཆོས་ཁག་ཏུ་ཡང་རྒན་གྱ་རྟིང་རིང་ལྷས་ཁྲ་ཏིང་ཟེར་བའི་ས་འདིར་ཀུན་མཁྱེན་བླ་མའི་འཁྲུངས་ཡུལ་ཡིན་ལ། ས་འདིར་གླིང་གེ་སར་རྒྱལ་པོ་འཁྲུངས་ཡུལ་ཡིན་ཞེས་པའི་ལུང་དྲངས་ཤིང་། ཁོང་རྣམ་པས་ཀྱང་སྔོན་བྱོན་མཁས་པའི་གསུང་ལྟར་སོར་གྱིས་བཞག་སྟེ་གནས་འདི་ནི་གླིང་དང་འབྲེལ་བ་ཡོད་པར་འདོད་ཚུལ་གླེང་བ་འདིས་གླིང་གི་མེས་པོ་གོང་མ་རྣམས་ཀྱང་རྒན་གྱའི་རྩྭ་ཐང་ནས་འཚོ་ཞིང་མངའ་ཐང་རྒྱ་བསྐྱེད་པར་བདེན་ཁ་ཞིག་སྟེར་ཡོང་།

དང་པོ། བླ་བྲང་དགོན་པའི་གེ་སར་སྒྲུང་གི་རིག་གནས་རྗེས་ཤུལ།

        བླ་བྲང་གྲོང་རྡལ་ནི་བསང་ཆུ་རྫོང་གི་མཁར་གྲོང་དུ་ཆགས་ཤིང་། གྲོང་རྡལ་གྱི་ཤར་ནི་མདའ་མེད་དང་ནུབ་ནི་བསང་ཁོག་ཡུལ་ཚོར་འབྲེལ་ཞིང་། ལྷོ་ནི་ཙ་ཡུས་དང་བྱང་ནི་རྒན་གྱ་ཡུལ་ཚོར་འདྲེས་ནས་ཡོད། བླ་བྲང་དགོན་པ་དགེ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་འཁྱིལ་བ་ཡང་བསང་ཆུ་རྫོང་བླ་བྲང་གྲོང་རྡལ་དུ་ཆགས་ཡོད་ལ། དགོན་འདི་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆོས་སྡེ་ཆེན་པོ་དྲུག་གི་ཡ་གྱལ། རྒྱལ་ཡོངས་ཀྱི་རིག་རྫས་སྲུང་སྐྱོབ་སྡེ་ཁག་གལ་ཆེན་ཨང་གཉིས་པའི་གྲས་སུ་བདམས་ཡོད། དགོན་སྡེ་འདི་ནི་སྤྱི་ལོ་1709 ལོར་ཀུན་མཁྱེན་སྐུ་ཕྲེང་དང་པོ་དབལ་ཤུལ་ངག་དབང་བརྩོན་འགྲུས་ཀྱིས་གསར་འདེབས་མཛད་ཅིང་། རིམ་གྱིས་གྲྭ་ཚང་དྲུག་གཙོས་པའི་ལྷ་ཁང་བརྒྱད་ཅུ་ལྷག་ཏུ་རྒྱ་བསྐྱེད་དེ་མཁས་པའི་དབང་བོ་བསམ་གྱིས་མི་ཁྱབ་པ་འཁྲུངས་སའི་གདན་ས་ཆེན་པོ་ཞིག་ཏུ་གྱུར་ཡོད་ལ། དེང་སང་"འཛམ་གླིང་གི་བོད་རིག་པའི་སློབ་གླིང"ཞེས་སྙན་པའི་གྲགས་པ་ས་ཆེན་ཁྱོན་ལ་གྲགས་ཡོད། ཆོས་སྡེ་འདིའི་བླ་མ་གླིང་དོན་འགྲུབ་རྒྱ་མཚོ་ནས་བཟུང་དགོན་པ་འདིར་གླིང་རྗེ་གེ་སར་དང་འབྲེལ་བའི་ངག་རྒྱུན་བྱུང་ཞིང་། དེ་མཚུངས་སུ་གླིང་གེ་སར་གྱི་རལ་གྲི་དང་གླིང་གི་ཤྭ་རྒྱོ་སྨུག་རིས་སོགས་ཀྱི་གནའ་རྫས་དང་། ཤིང་དཔར་དུ་བརྐོས་པའི་སྒྲུང་དཔེ་ཨ་སྟག་ལྷ་མོའི་རྣམ་ཐར་དམྱལ་གླིང་མུན་པ་རང་གསལ་སོགས་གེ་སར་སྒྲུང་དང་འབྲེལ་བའི་རིག་གནས་རྗེས་ཤུལ་དུ་མ་མཇལ་རྒྱུ་ཡོད། གཞན་བླ་བྲང་དགོན་པའི་མཐའ་འཁོར་གྱི་ཡུལ་ལུང་སོ་སོར་གེ་སར་སྒྲུང་དང་འབྲེལ་བའི་རིག་གནས་དར་ཁྱབ་བྱུང་ཡོད་དེ། བླ་བྲང་མཐའ་སྐོར་གྱི་གེ་སར་སྒྲུང་གི་རྣམ་ཐར་དང་སྒྲུང་བཤད་མཁན། དེ་མིན་རང་བྱུང་ཁོར་ཡུག་དང་འབྲེལ་བའི་གེ་སར་སྒྲུང་གི་རྗེས་ཤུལ་ནི་ད་ལྟའི་བླ་བྲང་གྲོང་རྡལ་གྱི་ཁོངས་སུ་གནས་པའི་བསང་ཁོག་གི་ས་མཚམས་སུ་གེ་སར་ཁྲབ་ཀྱི་ངོས་ཟེར་བ་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པ་ལྟ་བུའོ། །

གཅིག གླིང་པའི་མི་རྒྱུད་ཀྱི་ཡང་སྤྲུལ།

        བླ་བྲང་དགོན་པའི་མཁན་པོ་རྣམ་པ་བརྒྱད་ཀྱི་ཡ་གྱལ་གླིང་དོན་གྲུབ་རྒྱ་མཚོ་སྐུ་སྐྱེས་དམ་པ་ཁོང་ནི་གླིང་གི་གདུང་རྒྱུད་ངོ་མ་ཡིན་ཞིང་གེ་སར་གྱི་རྣམ་སྤྲུལ་ཡིན་ཚུལ་ནི་བླ་མའི་གྲུབ་རྟགས་དང་འཚོ་བའི་བྱ་སྤྱོད་སོགས་ཀྱིས་ཀྱང་གེ་སར་གྱི་རྣམ་སྤྲུལ་ཡིན་པའི་ཚུལ་བསྟན་བྱུང་།"གླིང་དོན་གྲུབ་རྒྱ་མཚོ་ནི་གླིང་རྗེ་གེ་སར་དང་རུས་གཅིག་པ་ཡིན་ཞེས་གླེང་བ་བདེན་རྫུན་ཁ་ཚོན་གཅོད་དཀའ་ན་ཡང་ཕྱོགས་གཞན་ཞིག་ནས་དཔའ་རྩལ་ཆེ་བའི་མི་ཁ་ཤས་རྔོན་པའི་ཚུལ་དུ་ཡུལ་མང་པོ་འགྲིམ་པ་ལས་མཐར་མེ་རྒན་དཱའི་ཆིང་གི་རུ་སྡེའི་ནང་དུ་འབྲོག་གཞི་བཟུང་བས་གླིང་མོད་དུ་གྲགས་པའི་རུས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་རྟ་ལ་འཁྲུངས།" ཞེས་པས་གླིང་དོན་གྲུབ་རྒྱ་མཚོ་ནི་གེ་སར་གྱི་རུས་རྒྱུད་དུ་གཏོགས་ཤིང་། ཁོང་གླིང་གེ་སར་གྱི་རྣམ་སྤྲུལ་ཡིན་པའི་ཚུལ་ནི། ཀུན་མཁྱེན་སྐུ་སྐྱེས་ལྔ་བ་ཆེན་མོས་མཛད་པའི་གླིང་ཚང་གི་འཁྲུངས་རབས་གསོལ་འདེབས་ལས། མི་བཟད་མཐུ་སྟོབས་རྩེ་བརྒྱ་གདེངས་ཙམ་གྱིས། །ཕྱི་ནང་དགྲ་སྡེ་ཡིད་བསྲུབས་ལོག་ལྟའི་བདུད། །རྨེག་མེད་འཇོམས་མཛད་རིགས་གསུམ་སྒྱུ་འཕྲུལ་གར། །གེ་སར་སེང་ཆེན་རྒྱལ་བོར་གསོལ་བ་འདེབས། །ཞེས་པས་གླིང་ཚང་སྤྲུལ་བའི་སྐུ་འདི་ཉིད་གེ་སར་སེང་ཆེན་ཡིན་པ་ངོས་འཛིན་གནང་བྱུང་། སྐུ་སྐྱེས་འདི་བའི་ནང་ཆེན་དུ་གེ་སར་རྒྱལ་པོའི་རལ་གྲི་ཡིན་ཟེར་བའི་ཤུལ་བཞག་དངོས་པོ་མཐོང་རྒྱུ་ཡོད་ལ། རིག་དངོས་རྩ་ཆེན་འདི་དག་ད་ལྟ་བླ་བྲང་དགོན་པའི་རིག་དངོས་བཤམས་སྟོན་ཁང་ན་གཞུང་ཉེར་བྱས་ཡོད། ཡང་ད་ལྟའི་གེ་སར་སྒྲུང་གི་ཆེད་མཁས་པ་གཅོད་པ་དོན་གྲུབ་ལགས་ཀྱིས།"བླ་བྲང་དགོན་པའི་ཨ་ལགས་གླིང་ཚང་རིན་པོ་ཆེ་ནི་ཁམས་སྡེ་དགེ་གླིང་ཚང་གི་ཡིན་ཞིང་། གླིང་ཚང་རྒྱལ་པོ་ནི་གླིང་གེ་སར་གྱི་ཕུ་བོའི་སྲས་དགྲ་ལྷ་རྩེ་རྒྱལ་གྱི་རྒྱུད་པ་ཡིན་པ་དང་།གླིང་ཚང་རྒྱལ་པོའི་ཁོངས་གཏོགས་ཚབ་ཚ་དགོན་པའི་ལོགས་སུ་ཡོད་པའི་གེ་སར་ལྷ་ཁང་དེ་གེ་སར་གྱི་འཁྲུངས་ཡུལ་ཡིན་པར་བརྟེན། གེ་སར་གྱི་གསེར་སྒ་དང་རལ་གྲི་སོགས་ཁམས་གླིང་ཚང་ནས་འཁྱེར་འོངས་པ་ཡིན་ཟེར་ན་རྣར་འགྲོ་ཞིང་ཡིད་ཆེས་པ་ཞིག་རེད།" ཅེས་པས་ཀྱང་ཨ་ལགས་གླིང་ཚང་ནི་གེ་སར་གྱི་རྒྱུད་ངོ་མ་ཡིན་ཚུལ་གསུངས་ཡོད་ལ། གེ་སར་གྱི་རིག་རྫས་འདི་དག་ནི་གླིང་གི་རྗེས་ཤུལ་ངོ་མ་ཡིན་པར་ངོས་འཛིན་གནང་ཡོད། གཞན་ཡང་"གླིང་ཚང་སྤྲུལ་བའི་སྐུ་འདིའི་ནང་ཆེན་དུ་གེ་སར་ཁ་ཏོན་དཔེ་ཆ་ཟེར་བའི་འཕགས་པ་བརྒྱད་སྟོང་བའི་གླེགས་བམ་ཞིག་ཡོད་པར་བཤད། གླིང་ཚང་སྐུ་ཕྲེང་བཞི་བ་སྐལ་བཟང་ལེགས་བཤད་རྒྱ་མཚོ་འཚོ་བཞུགས་སྐབས་སུ་ཡོད་པ་མིག་གིས་མཐོང་ཞིང་གཞན་ལ་ལྟ་རུ་མི་འཇུག་ཟེར་ཞིང་། རིག་གནས་གསར་བརྗེའི་རྗེས་སུ་ལག་སོན་མ་བྱུང་ཟེར།"རིག་རྫས་འདི་དག་ནི་ཕྱི་རྐྱེན་གྱི་རྒྱུ་མཚན་དུ་གྱུར་ཡོད་ནའང་གཙོ་བོ་ཀུན་མཁྱེན་ལྔ་བ་ཆེན་མོས་སྤྲུལ་བའི་སྐུ་འདིར་བྲིས་པའི་གསོལ་འདེབས་ལས་ཁོང་ནི་གེ་སར་གྱི་རྣམ་སྤྲུལ་ཡིན་ཚུལ་གསུངས་པ་འདི་ནི་དོགས་མི་དགོས་ལ། རྒྱུ་མཚན་ནི་ཨ་ལགས་གླིང་ཚང་སྐུ་ཕྲེང་ནི་ཀུན་མཁྱེན་ཚང་ནས་ཐུགས་ཐག་གཅོད་ཀྱིན་ཡོད་པས་ལུང་དང་རིགས་པས་སྒྲུབ་པའི་ངལ་བ་མི་དགོས་སྙམ། དགེ་ལུགས་པའི་ཆོས་སྡེ་ཆེན་མོ་འདི་ལྟ་བུ་ཞིག་ཏུ་གླིང་གི་མི་རྒྱུད་སྤྲུལ་བའི་སྐུ་རུ་བྱོན་པ་ནི་ཧ་ཅང་ངོ་མཚར་ཞིང་། འདི་ལས་སྐྱེས་བུ་དམ་པའི་བཞེད་དགོངས་སུ་རིམ་གྱིས་གྲུབ་མཐའ་གཅིག་གྱུར་ཡོང་བའི་ཐུགས་སྨོན་སྐྱེས་པ་མཚོན་ཡོད་སྙམ།

གཞན་ཡང་། ཨ་ལགས་འདན་ཚང་ནི་གླིང་གི་བློན་ཆེན་ཚ་ཞང་འདན་མའི་སྤྲུལ་བ་ཡིན་ཟེར། ཁོང་ནི་བླ་བྲང་དགོན་པའི་བླ་སྤྲུལ་ཡིན་ཞིང་། འདན་སྐུ་ཕྲེང་དང་པོ་འདན་གྲུབ་ཆེན་ངག་དབང་བློ་བཟང་བསྟན་འཛིན་ནི་དང་པོའི་དུས་སུ་ཙ་ཡུས་བླ་མ་ཕུན་ཚོགས་ཀྱིས་ཁམས་ནས་གདན་དྲངས་ཏེ་བསང་ཆུ་རྫོང་ཙ་ཡུས་དགོན་པའི་ཉེ་ལོགས་སུ་ཞལ་དྲོ་རི་ཁྲོད་བཏབ་ནས་ཡུན་རིང་བཞུགས་ཤིང་། རྗེས་སུ་སྐུ་ཕྲེང་དུ་མ་བྱོན་ཞིང་ལྷ་སྡེ་མང་པོ་བྱུང་ནས་གདུལ་བྱ་རྒྱས་པར་སྐད། མདོ་སྨད་ཆོས་འབྱུང་དུ།"རྗེ་ཉིད་ཁམས་ནས་འཁྲུངས་ཤིང་ཆོས་འཁོར་གླིང་གི་མཁན་པོ་མཛད། ཆོག་ཐུའི་བུ་ཨར་ས་ལང་གི་དམག་གིས་དགོན་པའི་མཐའ་བསྐོར་བ་ལ། ཉིད་ཀྱི་ཆོས་སྐྱོང་ཆོས་རྒྱལ་དུག་རུ་བསྐུལ་བར་དགོན་ནང་ནས་སྤྲུལ་པའི་དམག་ཚོགས་ཐོན་པས་བཅོམ། ཡུལ་དེའི་རྒྱལ་པོ་དང་མ་འགྲིག་པར་རེབ་གོང་ཕྱོགས་སུ་བྱོན། དེའི་སྤྲུལ་སྐུ་བློ་བཟང་བསྟན་དར་བསེ་བློ་བཟང་རྒྱལ་མཚན་གྱི་སྲས་སུ་མེ་ལུགས་ལ་འཁྲུངས། ཀུན་མཁྱེན་བར་མ་ལས་ལོ་གཅིག་གིས་བགྲེས། གཡེར་གཤོང་སྔགས་རམས་པས་འདན་མའི་སྤྲུལ་སྐུ་ཡིན་གསུང་རབ་ཏུ་བྱུང་། རང་གནས་རི་ཁྲོད་དུ་གདན་སར་བཀོད། བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། ཉེར་གཅིག་པ་མེ་ཡོས་ལ་གཤེགས།" ཞེས་པ་ལས་མཆོག་སྤྲུལ་རིན་པོ་ཆེ་འདི་ནི་བླ་བྲང་དགོན་པའི་བླ་མ་ཞིག་ཡིན་ཞིང་རི་ཁྲོད་འགྲིམ་ནས་ཆོས་ཀྱི་ཉམས་ལེན་ལ་གཞོལ་བར་ཕྱིན་པ་ཞིག་ཡིན། བླ་མ་འདི་བའི་རང་རྣམ་ཚིགས་བཅད་དུ། "ལྡན་མ་གོང་མའི་དགོངས་རྫོགས་བཏང་། །ཡང་སྤྲུལ་ཕྱི་མ་གདན་སར་བཀོད། །བླུ་ཡོན་རྟ་ནོར་བརྒྱ་ལྷག་བྱིན། །ང་ཡི་རྣམ་ཐར་ཆེ་ཤོས་ཡིན། །"ཞེས་པ་ལས་ལྡན་མ་ནི་བརྡ་རྙིང་དུ་འདན་མ་ཞེས་པའི་དོན་དང་འདྲ་བ་ནི་རྒན་སྨན་ཤུལ་རིན་ཆེན་རྡོ་རྗེ་ལགས་ཀྱི《གེ་སར་སྒྲུང་གི་ས་མིང་ཞིབ་འཇུག》ཅེས་པར་གསལ་ཞིང་། གེ་སར་སྒྲུང་གི་སྲོལ་རྒྱུན་གྱི་སྒྲུང་དཔེ་མང་པོ་རུ་ལྡན་མ་ཞེས་པ་ནི་ཚ་ཞང་འདན་མར་གོ་བར་བཤད ། འདིར་ལྡན་མ་ནི་འདན་མ་ཞེས་པའི་དོན་ཡིན་པས་ན་ལྡན་མ་གོང་མ་ནི་འདན་མའི་སྤྲུལ་བའི་སྐུ་གོང་མར་གོ་བས་འདན་ཚང་སྤྲུལ་བའི་སྐུ་ནི་བློན་ཆེན་འདན་མའི་རྣམ་སྤྲུལ་ཡིན་པ་མཁས་པའི་ལུང་གིས་ཟིན་ནོ། །

གཉིས། གེ་སར་སྒྲུང་གི་དཔེ་རྙིང་ལས་ཨ་སྟག་ལྷ་མོའི་རྣམ་ཐར་གྱི་ཤིང་པར།

        བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཤིང་པར་ཁང་དུ་ཉར་བའི་གེ་སར་སྒྲུང་གི་དཔེ་རྙིང་དེའི་མཚན་ལ《ཨ་སྟག་ལྷ་མོའི་རྣམ་ཐར་དམྱལ་གླིང་མུན་པ་རང་གསལ་བཞུགས་སོ། །》ཞེས་བཀོད་ཡོད་པ་དང་། བསྡོམས་པས་ཤོག་གྲངས་༡༠༧ ཡོད། དེ་ནི་བླ་བྲང་དགོན་པའི་པར་ཁང་གི་གཙུག་ལག་ཁང་གི་ཐོག་རིམ་དང་པོའི་གླེགས་བམ་སྟེགས་བུ་ཨང་རིམ་བཞི་བ་ན་བཞུགས་ཡོད། ཤིང་པར་འདི་པར་དུ་བརྐོས་པའི་དུས་སོགས་གསལ་བོ་མི་ཤེས་ལ། གེ་སར་སྒྲུང་གི་ས་མིང་ཞིབ་འཇུག་ཅེས་པར།"རྩད་བཅད་པ་ལྟར་ན། ཤིང་པར་བརྐོས་དུས་ཕལ་ཆེར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་བ་རྗེ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་(༡༨༥༦_༡༩༡༦)གི་རིང་ཨེ་ཡིན་ནམ་ཞེས་ཀྱང་བྱའོ། །" ཞེས་པར་གཞིགས་ན་ད་བར་དུ་ཕལ་ཆེར་ལོ་ངོ་བརྒྱ་ལྷག་ལས་འགོར་མེད་ལ། རྗེས་སུ་ཀུན་མཁྱེན་སྐུ་ཕྲེང་ལྔ་བ་བསྟན་པའི་རྒྱལ་མཚན་གྱི་སྐུ་རིང་དུ་བླ་བྲང་དགོན་པར་རྣམ་ཐར་འཁྲབ་པའི་སྲོལ་དར་བ་དང་ཆབས་ཅིག ཁོང་གི་ཐུགས་བཀོད་ལྟར་བླ་བྲང་སྔགས་པ་གྲྭ་ཚང་ནས་ཨ་སྟག་ལྷ་མོའི་རྣམ་ཐར་འཁྲབ་པར་ཤིང་པར་འདི་ཉིད་འཁྲབ་གཞུང་དུ་དཔར་བ་དང་། རིམ་གྱིས་བླ་བྲང་གི་ས་ཆ་ཁ་ཤས་སུ་ཨ་སྟག་ལྷ་མོའི་རྣམ་ཐར་འཁྲབ་པ་ཆེས་ཆེར་དར་བ་བྱུང་། ཨ་སྟག་ལྷ་མོའི་རྣམ་ཐར་གྱི་ཤིང་པར་འདི་ཡིས་ས་གནས་རིག་གནས་ཡར་སྐུལ་གྱི་ནུས་པ་ཐོན་ཞིང་། སྐབས་དེའི་དགོན་པའི་ནང་དུ་ཡང་གེ་སར་སྒྲུང་དཔེ་དར་ཁྱབ་བྱུང་བ་ཡང་བསྙོན་དུ་མེད། དེ་ཡང་རྒྱུ་བཞི་བ་བཤད་པ་ལས།"གདམས་ངག་ལྟར་སྣང་ཉོན་མོངས་སྐྱེ་བའི་དཔེ་བལྟ་བ་སྟེ། གླིང་གེ་སར་གྱི་སྒྲུང་བཤད་པ་སོགས་དང་། ཆགས་ལམ་གྱི་བསྟན་བཅོས་དང་། ལས་ཚོགས་དང་འཁྱུད་དཔྱད་ཀྱི་བེའུ་བུམ་སོགས་བཤད་པ་ངན་པ་ལ་བལྟས་ན་ཆགས་སྡང་གཏི་མུག་འཕེལ་ཞིང་རྒྱས་པར་བྱེད་པའི་རྒྱུར་འགྱུར་ལ།"ཞེས་པས་དགོན་པའི་གྲྭ་བས་གེ་སར་སྒྲུང་ལ་ཉན་ན་ཆགས་སྡང་འཕེལ་བ་སོགས་འདུལ་བའི་ཁྲིམས་ལ་འགལ་བའི་བསླབ་བྱ་གནང་ཚུལ་ལས། དགོན་པའི་གནས་སུ་སྒྲུང་དཔེ་ལྟ་བའི་སྐབས་ཀྱང་ཡོད་མྱོང་བར་འདོད། བླ་བྲང་དགོན་པར་མཚོན་ན། ཀུན་མཁྱེན་ལྔ་བའི་རྗེས་ནས་དགོན་པའི་གྲྭ་བས་གེ་སར་སྒྲུང་དཔེ་དཔར་བ་མེད་པར་བཤད་ལ། རིམ་གྱིས་དགོན་པའི་གླིང་ནས་གེ་སར་སྒྲུང་ལ་མི་ཉན་པ་ཡང་བྱུང་། རྒྱུ་མཚན་ནི། བླ་བྲང་དགོན་པའི་བཙན་ཁང་དུ་བཞུགས་པའི་གནས་ཆུང་དེ་ཧོར་གུར་དཀར་རྒྱལ་པོ་ཡིན་རབས་བཤད་པས《ཧོར་གླིང་གཡུལ་འགྱེད》ཀྱི་སྒྲུང་དཔེ་སོགས་ལ་དཔེ་ཀློག་དང་ཉན་བཤད་བྱེད་པར་ལྷག་ཏུ་འཛེམ་པ་དང་། སྐབས་དེ་དང་མཉམ་དུ་གྲྭ་བའི་གྲྭ་ཤག་ཏུ་ཡོད་པའི་སྒྲུང་དཔེ་མང་པོ་མེར་བསྲེགས་པ་དང་སྒོར་ཕྱུང་བ་ཡིན་ཟེར། དེ་མ་ཟད་སྒྲུང་བ་སྐལ་བཟང་གྲགས་པའི་སྒྲུང་བཤད་ལ་འཛེམ་ཆེ་བ་སོགས་ཀྱིས་དགོན་པའི་རིག་གནས་ཀྱི་ཁྲོད་དུ་གེ་སར་སྒྲུང་གི་རིག་གནས་འདི་ཉིད་ཉམས་རྒུད་ཀྱི་རླབས་ཆེན་པོ་ཞིག་འཕྱུར་མྱོང་བ་རེད། ཞིབ་ཏུ་བསམ་ན། ཀུན་མཁྱེན་ལྔ་བ་ཆེན་མོས། མི་བཟད་མཐུ་སྟོབས་རྩེ་བརྒྱ་གདེངས་ཙམ་གྱིས། །ཕྱི་ནང་དགྲ་སྡེ་ཡིད་བསྲུབས་ལོག་ལྟའི་བདུད། །རྨེག་མེད་འཇོམས་མཛད་རིགས་གསུམ་སྒྱུ་འཕྲུལ་གར། །གེ་སར་སེང་ཆེན་རྒྱལ་བོར་གསོལ་བ་འདེབས། །ཞེས་ཆོས་སྡེ་འདིའི་བླ་སྤྲུལ་ཨ་ལགས་གླིང་ཚང་ལ་སེང་ཆེན་རྒྱལ་པོའི་ཚུལ་དུ་གསོལ་འདེབས་བྱས་པ་འདི་ལྟ་བུས་ཀྱང་གེ་སར་རྒྱལ་པོ་ནི་དགོན་པའི་རིག་གནས་སུ་གྱུར་བ་མ་ཟད་སྤྲུལ་སྐུ་རུ་ངོས་འཛིན་གནང་བས་གེ་སར་སྒྲུང་ལ་ཉན་པ་དང་ལྟ་བ་སོགས་ལ་དོགས་ཟོན་དང་གེགས་རྒྱ་ཡོད་དགོས་དོན་མེད་པར་སྙམ།

གཉིས་པ། རྒན་གྱའི་ཡུལ་ཁོངས་ཀྱི་གེ་སར་སྒྲུང་གི་རིག་གནས་རྗེས་ཤུལ།

        རྒན་གྱ་ཡུལ་ཚོ་ནི་བསང་ཆུ་རྫོང་གི་བྱང་ཕྱོགས་སུ་གནས་ཤིང་། ཤར་དུ་ཧོར་གཙང་དང་ཀ་ཆུ། ལྷོར་གནམ་ལྷ་དང་བླ་བྲང་ལྷ་སྡེ་བཞི། ནུབ་བྱང་དུ་མཚོ་སྔོན་མགར་རྩེ་བཅས་དང་ཡུལ་མཚམས་འདྲེས་ཡོད། དེ་ཡང་རྒན་རྒྱ་ནི་ཁ་གྱ་ཚོ་དྲུག་གི་ནང་ཚན་ཡིན་ཞིང་། མདོ་སྨད་རྨ་ཁུག་ཚ་འགྲམ་ཡུལ་གྲུའི་ལོ་རྒྱུས་དེབ་ཐེར་ཆེན་མོ་རུ།"ཧ་ལམ་མངའ་བདག་ཁྲི་རལ་བ་ཅན་གྱི་རིང་ལ་གཡི་ཚ་དམག་དཔོན་གྱིས་མདོ་སྨད་དུ་ས་མཚམས་སྲུང་བའི་དམག་དཔུང་དྲངས་པའི་ཁྲོད་དུ་ཁྲོ་རྒྱལ་བྱ་བ་བྱུང་། དེ་བསང་ཆུའི་འབབ་ཡུལ་དང་རྒན་གྱའི་གཞུང་དུ་ས་བཟུང་ནས་བསྡད། རྗེས་སུ་ཡུལ་ཕྱོགས་གཞན་ནས་འབྲོག་ཁྱིམ་ཁ་ཤས་ཡུལ་འདིར་སྤོས་ཤིང་གཞི་བཅས། རིམ་བཞིན་འཕེལ་ཏེ་རྒན་གྱའི་ཚོ་བ་དྲུག་ཆགས་ཟེར།" ཞེས་གསུངས་པ་ལྟར། ཡུལ་འདིར་བདེ་མཆོག་གི་གནས་སུ་གྲགས་པའི་རྒན་གྱའི་བྲག་དཀར་དང་ཀུན་མཁྱེན་སྐུ་ཕྲེང་དང་པོ་དབལ་ཤུལ་ངག་དབང་བརྩོན་འགྲུས་ཀྱང་བསོད་ནམས་ཀྱི་ཞིང་འདིར་སྐུ་འཁྲུངས་ཤིང་། སྐྱེས་བུ་དམ་པའི་ཞབས་ཀྱིས་བཅགས་པའི་གནས་མཆོག་ཅིག་ཀྱང་ཡིན། ངག་རྒྱུན་དང་སྦྲེལ་ན་གནས་འདིར་གེ་སར་དང་འབྲེལ་བའི་རྗེས་ཤུལ་མང་བོ་མཇལ་རྒྱུ་ཡོད་དེ། འབྲུག་མོའི་ཕྱུར་བ་ལེན་ས་དང་གེ་སར་རྟ་རྗེས། རྐྱང་ངེའི་གློ་མཆིན། གེ་སར་གྱི་རྟ་འདོགས་ཤུལ། འབྲུག་མོའི་དབུ་ཞྭ། གེ་སར་གྱི་ཕོ་མཚན་དང་འབྲུག་མོའི་མོ་མཚན། འབྲུག་མོའི་གོས་སྒམ་སོགས་ད་ལྟ་གནས་ཡུལ་ངོས་འཛིན་རྒྱུ་ཡོད།

གཅིག འབྲུག་མོའི་ཕྱུར་བ་ལེན་ས།

        རྒན་གྱའི་བྲག་དཀར་གནས་ཁང་དེ་ནི་བོད་ཀྱི་གནས་ཆེན་ཉེར་བཞིའི་ཡ་གྱལ་དེ་གནས་མཆོག་ན་ག་ར་ཞེས་པའི་གནས་ཡིན་ཞིང་། སྔོན་གྱི་ཚེ་ན་སློབ་དཔོན་རིན་པོ་ཆེ་གནས་འདིར་བྱོན་ནས་བྲག་ཕུག་གི་གནས་སྒོ་འབྱེད་པར་བཤད། སྐྱེས་ཆེན་དམ་པ་གང་མང་གི་ཞབས་ཀྱིས་བཅགས་སའི་གནས་དང་དཔལ་བདེ་མཆོག་གི་ཞིང་ཁམས་ཡིན་པར་མགྲིན་གཅིག་ཏུ་གསུངས། གནས་ཁང་གི་མདུན་དུ་དྭངས་ཤིང་གསལ་བའི་ཆུ་བོ་ཞིག་བཞུར་གྱིན་ཡོད་ལ་མཇལ་སྐོར་བ་མང་པོས་ཆུ་འགྲམ་ན་ངལ་གསོས་ཤིང་སྤྲོ་བསང་གི་ཚུལ་དུ་རོལ་བར་འདུག ལུང་མདོ་ནས་ཅུང་ཙམ་ཡར་སོང་དུས་གནས་ཁང་སྒོར་སླེབས་པ་དང་སྣེ་ཤན་པས་བྲག་ངོས་ཀྱི་ཕྱག་རྗེས་ཤིག་བསྟན་པ་དེ་ནི་ཁྲི་ཆེན་གུང་ཐང་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་གི་ཕྱག་རྗེས་ཡིན་ཟེར་ཞིང་། དེ་ནས་རིམ་གྱིས་གནས་ཕུག་ལ་སོང་ན་བདེ་མཆོག་ཉག་གར་སླེབས་པ་དང་མཁའ་འགྲོ་མའི་ནུ་མ་རང་བྱོན་དང་འཇིགས་བྱེད་ཀྱི་དབུ་ཡིན་ཟེར་བའི་བྲག་རྡོ་རང་བྱོན། བདེ་མཆོག་དཀར་པོའི་རང་བྱོན། ཆོས་རྒྱལ་རང་བྱོན། སྒྲོལ་མ་དཀར་མོའི་རང་བྱོན་སོགས་ལ་མཇལ་ཐུབ། དེ་ནས་མར་དོང་དུ་བབས་ན་ནང་གི་གཡས་ཕྱོགས་སུ་ལྷ་མོའི་བླ་མཚོ་དང་གཡོན་དུ་སེང་ལྕམ་འབྲུག་མོའི་ཕྱུར་བ་ལེན་ས་ཞེས་པ་ཡོད། དོང་ནང་དུ་འབབ་དཀའ་བ་དང་ཐག་པ་རིང་བོ་ཞིག་ལ་འཇུས་ནས་མར་འབབ་དགོས། བྱིས་པ་དང་ལོ་ལོན་ཚོ་སོང་ན་ཉེན་ཁ་ཆེ་བར་མཐོང་། བཤད་ཚུལ་ལྟར་ན་དེ་ནས་ཕྱུར་བ་བླངས་ན་ཕྱུགས་རིགས་འཕེལ་ཞིང་རྒྱུ་དང་ལོངས་སྤྱོད་རྒྱས་པར་ཟེར་བས་མཇལ་བ་ཚོས་ཕྱུར་བ་ལེན་པར་སྔ་གཞུག་བརྩད་ནས་ལེན་གྱིན་ཡོད། དེ་ནས་བྱང་རི་དམར་པོར་གཡས་བསྐོར་དུ་སོང་ན་མཛོ་མོའི་མཁར་དང་མཁའ་འགྲོའི་བྲོ་ར། དེ་ལ་འབྲུག་མོའི་བྲོ་ར་ཡང་ཟེར། གླང་ཆེན་གྱི་སྣ། དབང་བོ་སྣ་ལྔ་སོགས་ལ་མཇལ་ཏེ་གཤིན་རྗེའི་འཕྲང་བརྒྱུད་ནས་བྲག་གི་བུ་ག་ཞིག་གི་ནང་ནས་ཡར་འཛུལ་ན་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་རང་བྱོན་ཡོད། དེ་རྗེས་རྡོ་རྗེ་ཕག་མོ་རང་བྱོན་དང་གླང་ཆེན་གྱི་པགས་པ། སྒྲོལ་མ་དཀར་ལྗང་། དབང་ཕྱུག་ཆེན་པོ། བདེ་མཆོག་གི་བཀའ་སྲུང་དུར་ཁྲོད་བདག་པོ་སོགས་ཕྱིར་ལམ་ནས་མཇལ་ཐུབ། གནས་སྒོའི་ཕྱི་རོལ་གྱི་ཆུའི་ཚུར་ཁ་ན་མ་ཅིག་ལབ་སྒྲོན་གྱི་བཀའ་སྲུང་ཀླུ་བདུད་བཙན་གསུམ་དང་། རིགས་གསུམ་མགོན་པོའི་རང་བྱོན་སོགས་ལ་མཇལ་ཐུབ། ཧོར་གླིང་གཡུལ་འགྱེད་དུ།" འབྲུག་ལྷང་ལྷང་ནོར་བུའི་གདན་སྟེང་། སྐད་ལྷང་ལྷང་ཁུ་བྱུག་གྲག་ས། ཞེ་ལྷང་ལྷང་ཅོ་ཀ་འགྱུར་ས། དཔལ་བདེ་མཆོག་ནོར་བུའི་ཕོ་བྲང་། དབྱིབས་གྲུ་བཞི་ས་ཡི་གདན་ཐོག གཡུ་སྦྲ་མཐིང་ཤིག་གོང་དགུ་ན། སྐྱ་ལོའི་སེང་ལྕམ་འབྲུག་མོ་དེ་ཉིད་གནས།" ཞེས་པ་ལས་འབྲུག་མོ་ཉིད་ནི་མཁའ་འགྲོ་མའི་སྤྲུལ་བ་འཁྲུལ་མེད་དང་བཞུགས་གནས་ནི་དཔལ་འཁོར་ལོ་སྡོམ་པའི་བདེ་མཆོག་གི་གནས་ཡིན་པ་སོགས་འདྲ་བས། བྲག་དཀར་གནས་རིའི་འབྲུག་མོའི་ཕྱུར་བ་ལེན་ས་ཞེས་པ་ནི་སེང་ལྕམ་འབྲུག་མོའི་གནས་དངོས་སུ་ཡིན་པར་སྣང་།

གཉིས། གེ་སར་རྟ་རྗེས།

        བྲག་དཀར་གནས་ཁང་གི་ལུང་མདོ་ནས་གཡས་ཕྱོགས་ཀྱི་ལ་རིང་བོའི་རྒྱབ་ན་ཚེ་རིང་ལབ་ཙེ་ཡོད། དེ་རུ་བསང་གཏོང་བ་དང་རླུང་རྟ་སོགས་བསྐུར་ན་ཕ་མའི་དྲིན་ལན་འཇལ་ཐུབ་ཟེར། དེ་ནས་ལ་དེའི་ཉག་ཁར་བརྒྱུད་ནས་སོང་ན་སྤང་ཐང་ཞིག་ལ་སླེབས་བྱུང་། ལམ་བར་དུ་གནས་སྐོར་ལ་འགྲོ་མཁན་དང་རྩེ་སྐོར་ལ་འགྲོ་མཁན་མང་པོར་ཐུག གནས་སྐོར་དུ་འགྲོ་མཁན་ནི་དར་རྒྱལ་ལྷུན་པོར་སྐོར་བ་ཧྲིལ་བོ་ཞིག་རྒྱག་དགོས་པ་དང་རྩེ་སྐོར་ནི་གནས་ཁང་གི་རི་རྒྱུད་ལ་སྐོར་བ་རྒྱག་པ་ལ་ཟེར། ང་ཚོ་སྐོར་བ་འགྲོ་མཁན་ཚོའི་རྗེས་སྙེག་ནས་སོང་བ་ཡིན། སྤང་ཐང་དེར་ཕྱིན་དུས་མཐོ་ཞིང་བརྗིད་པའི་དར་རྒྱལ་ལྷུན་པོའི་སྟེང་དུ་རྒན་གྱའི་རྩྭ་ཐང་མཐོང་ཐུབ་ལ་དེ་ནི་ཨ་སྔོན་ས་ལ་འཕོས་འདྲའི་མཐའ་ཡངས་པོ་ཞིག་འདུག དེ་ནས་ཡར་ཅུང་ཙམ་སོང་བ་ན་འཛམ་གླིང་གེ་སར་གྱི་རྟ་རྗེས་ཟེར་བའི་སྤང་རི་ས་ལ་རྡིབ་པ་འདྲ་ཞིག་ཡོད ། རྟ་རྗེས་ཀྱི་ཤུལ་དུ་བལ་དང་ནས་འབྲུ་མང་པོ་བླུག་ཡོད། གནས་རིར་སྐོར་བ་འགྲོ་མཁན་ཚོ་ཡང་གེ་སར་རྟ་རྗེས་ལ་སྐོར་བ་བྱས་ནས་འགྲོ་བཞིན་ཡོད།

གསུམ། རྐྱང་ངེའི་གློ་མཆིན།

            གེ་སར་རྟ་རྗེས་ཡོད་ས་ནས་ཡར་ཅུང་ཙམ་སོང་ན་རྐྱང་ངེའི་གློ་མཆིན་ཟེར་བའི་རྡོ་ཆེ་ཆུང་གཉིས་ལ་ཐུག་ཅིང་། རྡོ་ངོས་སུ་ཁྲག་རྩ་ལྟ་བུའི་དམར་ཐིག་མང་པོ་ཡོད། ངོ་མ་གློ་མཆིན་དྲོན་པོ་ཡིན་པའི་སྣང་བ་ཞིག་སྟེར། རྩེ་སྐོར་ལ་འགྲོ་མཁན་ཚོས་བཤད་ན། རྐྱང་ངེའི་གློ་མཆིན་ལ་སྐོར་ནས་སོང་ན་གློ་མཆིན་གྱི་ནད་རིགས་ལས་སྒྲོལ་བར་བཤད་པ་དང་། གློ་མཆིན་དང་འདྲ་བའི་རྡོ་དེ་གཉིས་རང་གི་བྲང་ཁ་གླན་ནས་སྐྱབས་འཇུག་སྨོན་ལམ་ཞུས་ན་ནད་རིགས་ལས་ཐར་བར་ཕན་ཟེར། འདི་ནི་མི་རྣམས་ཀྱིས་གེ་སར་རྒྱལ་པོ་གནས་འདིར་བྱོན་པར་རྗེས་དྲན་གྱི་ཆེད་དུ་མི་རབས་དུ་མའི་རིང་ལ་ངག་རྒྱུན་འདི་རིགས་རྒྱུན་མ་ཆད་པར་བྱུང་ངོ་། །

བཞི། གེ་སར་གྱི་རྟ་འདོགས་ས།

        རྟ་རྐྱང་ངེའི་གློ་མཆིན་ལ་མཇལ་ཚར་རྗེས་རླུང་རྟའི་སྒང་ཟེར་བའི་ལབ་ཙེ་བསྟད་ཡོད་སའི་ཉག་ཁ་ཞིག་ལ་སླེབས་བྱུང་། དེ་ནས་རླུང་རྟ་བསྐུར་ན་ཚེ་ཐག་རིང་ཟེར། ཉག་ཁ་དེ་ནས་དལ་རྒྱལ་ལྷུན་པོའི་སྟེང་གི་ཐང་ཡངས་པོ་ཞིག་རིག་ལ་དེ་ནས་དལ་རྒྱལ་མཚོ་མོ་ཡོད་སའི་ས་དེ་ཡང་མཐོང་ཐུབ། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལས་མཇལ་བའི་དལ་རྒྱལ་མང་པོ་རྗེ་ཟེར་བ་ཡང་ས་འདིར་ཞབས་ཀྱིས་བཅགས་མྱོང་ཟེར་བ་ལྟར་ན་ངོ་མ་སུམ་རྩེན་གནས་འདིར་འཕོས་འདྲའི་ཞིང་ཁམས་འདིར་གེ་སར་ཞབས་ཀྱིས་བཅགས་པ་ཡང་བདེན་པར་རློམ་ཆོག རྩེ་སྐོར་འགྲོ་སའི་ལམ་དེད་ནས་རི་གཟར་ནས་མར་ལ་འབབ་དགོས། ལམ་འགྲོ་བ་ཚོའི་བཤད་ཚུལ་ལ་རི་གཟར་དེ་ནས་མར་ལ་རྐྱང་ཕྱག་འཚལ་ན་དྲིན་ཆེན་ཕ་མའི་དྲིན་ལན་མཇལ་ཐུབ་ཟེར་ཞིང་སྐོར་བ་འགྲོ་མཁན་ཚོས་དེ་ནས་ཕྱག་འཚལ་བཞིན་ཡོད། དེ་ནས་མར་བབས་ན་སྐྱེ་བ་རྗེས་མར་ཁང་བ་ལས་ས་ཟེར་བའི་སར་ཐོན་ཞིང་། དེ་ནས་རྡོ་བརྩིགས་བརྒྱབ་སྟེ་ཁང་བའི་དབྱིབས་སྣ་ཚོགས་བཟོས་པ་མཐོང་ཐུབ། དེ་ནས་ཅུང་ཙམ་མར་བབས་ན་བྲག་མཁར་རིང་མོ་མཁའ་རུ་ཟུག་འདྲ་ཞིག་མཐོང་ཞིང་ལྗོན་ཤིང་སྣ་ཚོགས་རྒྱས་པའི་རི་འདབས་སུ་སླེབས་འོངས། ལམ་བར་ནས་མར་བལྟས་ན་ལྗོན་ཤིང་རྒྱས་པའི་གསེང་ན་གེ་སར་རྒྱལ་པོའི་རྟ་འདོགས་ས་ཡིན་ཟེར་བའི་བྲག་རྡོ་ཆུང་ཆུང་ཞིག་ཡོད་ལ། དེའི་མགོ་ན་ཤུག་སྡོང་ཞིག་སྐྱེས་ཤིང་། དེ་ཡི་སྐེད་ན་འཁྲི་ཤིང་ཐག་སྐུད་འདྲ་བ་ཞིག་འཁྱུད་ཡོད་པས་དེ་ནི་རྟ་འཁྲིད་བྱེད་ཀྱི་སྲབ་མདའ་ཡིན་ཟེར། རྒྱང་ནས་བལྟས་ན་རྟ་ཞིག་གིས་སྲབ་མདའ་དྲུད་ནས་འདུག་པར་མཐོང་། ས་དེའི་མི་རྣམས་ཀྱི་བཤད་ཚུལ་ལ། གེ་སར་གྱི་རྟ་འདོགས་སའི་ཁ་གཏད་ནས་ས་གཏེར་སོགས་བརྒྱབ་ན་ནོར་འཁོར་ཞིང་འབྱོར་ཕྱུག་རྒྱས་པར་བཤད།

ལྔ། འབྲུག་མོའི་དབུ་ཞྭ།

            གེ་སར་གྱི་རྟ་འདོགས་ས་ནས་རི་སྐེད་ཀྱི་ལམ་དེད་ནས་སོང་ན་ལུང་བ་གསུམ་གྱི་མདོར་སླེབས་པ་རེད། གཡས་གཡོན་ཚང་མ་བྲག་ཚོམས་ཀྱི་མཛེས་ལྗོངས་ཤ་སྟག་གིས་མིག་དབང་ཅིག་ཅར་དུ་འཕྲོག་པར་བྱེད། ལུང་བ་དེ་ན་དྭངས་ཤིང་གཙང་བའི་རྫ་ཆུ་བསིལ་ཞིང་ལྷོད་ཀྱིས་འབབ་ཀྱིན་ཡོད་ལ་དེས་མི་རྣམས་ལ་དེ་འདྲའི་སོས་དལ་གྱི་སྣང་བ་སྐྱིད་པོ་ཞིག་སྟེར། རྒྱང་ནས་བལྟས་ན་ཆུ་ཕྲན་དེའི་འགྲམ་གྱི་བྲག་ངོས་སུ་རི་སྐྱེས་ཀྱི་ཤ་མོ་ཆེན་པོ་འདྲ་བའི་ཕ་བོང་ཡིད་དུ་འོངས་པ་ཞིག་མཐོང་། ས་དེའི་ཡུལ་མི་རྣམས་ཀྱིས་དེ་ལ་སེང་ལྕམ་འབྲུག་མོའི་དབུ་ཞྭ་ཟེར་བར་གྲགས། རྡོ་ཕ་བོང་དེའི་ནང་དུ་སྐོར་བ་འགྲོ་མཁན་དང་ཡུལ་སྐོར་བ་ཚོ་དེའི་ནང་དུ་འཛུལ་ནས་སེང་ཆེན་ལྕམ་འབྲུག་མོའི་ཞྭ་གོན་པ་ཟེར། ངག་རྒྱུན་ལ། ཕོ་སྐྱེས་ཤིག་གིས་འབྲུག་མོའི་དབུ་ཞྭ་དེ་གོན་ན་འབྲུག་མོ་འདྲ་བའི་མཛེས་མ་བག་མར་ལེན་ཐུབ་པ་དང་། མོ་སྐྱེས་ཤིག་གིས་ཞྭ་དེ་གོན་ན་འབྲུག་མོ་བཞིན་དུ་བསོད་ནམས་འཁོར་ཡོང་ཟེར།

དྲུག གེ་སར་ཕོ་མཚན་དང་འབྲུག་མོའི་མོ་མཚན།

            འབྲུག་མོའི་དབུ་ཞྭ་ཡོད་ས་ནས་རྫ་ཆུ་བསིལ་མའི་བཞུར་རྒྱུན་དང་འགྲོགས་ཏེ་མར་བབས་པ་ན། བྲག་འགག་ཅིག་ན་རྡོ་རིང་པོ་ཞིག་ཀྲོང་ངེར་ལངས་ནས་ཡོད། ངག་རྒྱུན་གྱི་བཤད་ཚུལ་ལྟར་ན་དེ་ལ་གེ་སར་རྒྱལ་པོའི་ཕོ་མཚན་ཟེར། ཐད་ཀ་ནས་དྲང་མོར་བལྟས་ན་ཕོ་མཚན་ཞིག་གི་དབྱིབས་སུ་མི་མཐོང་ཞིང་། ཅུང་ཐག་རིང་ནས་བལྟས་ན་རྡོའི་སྟེང་གི་ལྗོན་ཤིང་རྒྱས་པ་དེ་ལྷང་ངེར་མཐོང་བས་ཕོ་མཚན་ཞིག་ཀྲོང་ངེར་འགྱིང་བ་དང་དབྱེར་མ་མཆིས། དེ་ནས་མར་ཅུང་ཙམ་སོང་ན་འབྲུག་མོའི་མོ་མཚན་ཟེར་བའི་བྲག་ཁུང་ཞིག་ཡོད། བྲག་ཁུང་དེའི་ནང་དུ་སྲ་མཁྲེགས་སུ་ཁེངས་པའི་འཁྱགས་དར་ཆེན་པོ་ཞིག་ཡོད་པ་དེ་ནི་དུས་བཞི་བོར་ཞི་རྒྱུ་མེད་ཟེར། བཤད་ཚུལ་ལྟར་ན་མོ་སྐྱེས་ཀྱིས་འཁྱགས་དར་དེ་ཁ་རེག་ནས་ཟོས་ན་མོ་ནད་ལ་སྨན་པར་བཤད། ངོ་མཚར་བ་ཞིག་ནི་བྲག་ཁུང་གི་སྒོའི་ཐད་ཀ་ནས་བལྟས་ན་གེ་སར་ཕོ་མཚན་ཟེར་བའི་བྲག་རྡོ་དེ་མཐོང་ཞིང་། ལོ་ལོན་ཚོའི་བཤད་ཚུལ་ལ་བྲག་ཁུང་དེར་གེ་སར་ཕོ་མཚན་གྱི་གྲིབ་མ་མ་ཕོག་ན་བྲག་ཁུང་ནང་གི་འཁྱགས་དར་ཞི་འགྲོ་ཟེར་བའི་གཏམ་རྒྱུད་ཀྱང་བཤད་རྒྱུ་ཡོད་དོ། །
 
 
     བཤད་སྲོལ་ནང་གི་གླིང་གེ་སར་གྱི་ཞབས་རྗེས་དང་རྟ་བཏགས་ས་དང་ཁྱི་རྗེས་བཅས་སོ།
སྤེལ་མཁན། ཚེ་རིང་དོན་གྲུབ།   རྩོམ་འགན། ཚེ་མགོན།

ངེད་ཚོའི་སྐོར། | འབྲེལ་ཞུ། | གསལ་ཞུ། | མཛའ་འབྲེལ། | མཉེན་ཆས་ཡར་སྤྲོད།

CopyRight © 2011-2020 BODYIG.NET 【མཉེན་ཆས་གླིང་།】 | 陇ICP备15003445-10 | 甘公网安备 62302702270011号

ཆེད་ཞུ། འདི་གའི་མཉེན་ཆས་སོགས་ཀྱི་རྒྱུ་ཆ་ཚང་མ་སྤྱོད་པར་ཕྱོགས་གང་གི་ཁེ་དབང་ལ་གནོད་སྐྱོན་ཐེབས་ཀིན་ཡོད་ཚེ། ངེད་ཅག་གིས་རེ་ཞུ་ལྟར་མྱུར་མོར་བརྩད་གཅོད་སྒོས་ཐག་གིས་གཅོད་ཆོག