བབས་གནས།  དབུ་ངོས།སྐབས་དོན། ཤེས་བྱ། → ༼༣༽མདོ་སྨད་རྒན་གྱའི་ལོ་རྒྱུས་སྔོན་བྱུང་གསལ་བའི་མེ་ལོང་། གོང་མ།

༼༣༽མདོ་སྨད་རྒན་གྱའི་ལོ་རྒྱུས་སྔོན་བྱུང་གསལ་བའི་མེ་ལོང་། གོང་མ།

ཡོང་ཁུངས། སེམས་བསྐྱེད་འཕྲིན་སྟེགས།རྩོམ་པ་པོ། སེམས་བསྐྱེད།སྤེལ་དུས། 04-21
རྒན་གྱ་གོང་མའི་དེང་གི་དགུན་སའི་ཟུར་གཅིག

◈ རྩོམ་གྱི་ཡོང་ཁུངས། མདོ་སྨད་རྒན་གྱའི་ལོ་རྒྱུས་སྔོན་བྱུང་གསལ་བའི་མེ་ལོང་།
◈ རྩོམ་པ་བོ། རྒན་གྱའི་དཀོན་མཆོག་རྒྱ་མཚོ།
◈ དཔར་སྐྲུན། མི་རིགས་དཔེ་སྐྲུན་ཁང་།
རྒན་གྱ་གོང་མའི་དེང་གི་དགུན་སའི་དུད་ཁྱིམ་དག 图片来源见图

རྒན་གྱ་གོང་མའི་དེང་གི་དགུན་ས།

 
རྒན་གྱ་གོང་མ་ནི་སྟོད་སྨད་བར་གསུམ་གྱི་གོང་ཡིན་པས་ཐོགས་ལ། གོང་དུ་གསལ་བའི་མེས་པོ་ཀླུ་ཕྱུག་གིས་རེབ་བཟའ་ཞིག་ཁབ་ཏུ་བསུས་པ་ལས་རྒན་གྱའི་བླ་མ་དཀར་དཀར། དཔོན་པོ་སངས་རྒྱས་སྐྱབས། དཔོན་པོ་ཐར་བ། ཁྲོ་རྒྱལ་འབུམ་སྟེ་སྤུན་བཞི་བྱུང་བ་ལ་རྐང་མོ་བུ་བཞིར་གྲགས། དཔོན་སངས་རྒྱས་སྐྱབས་ཀྱིས་ཀྱང་རྐང་བཟའ་ཞིག་བླངས། ལན་གཅིག་རྐང་བཟའ་མའི་རྨི་ལམ་དུ་གཞི་བདག་ཆེན་པོ་སྟོད་རས་གཡི་ཐུལ་ཅན་གྱིས་གཡིའི་ཐུལ་བ་མོ་ལ་བཀབ་པ་ཞིག་རྨིས་པས་སྲིད་ཆགས་པ་ལས་བུ་ཐུགས་རྗེ་འབུམ་ཞེས་བྱ་བ་སྐྱེས་སྟེ། ཁོ་སྨ་ར་དང་། ཨག་ཚོམ་དམར་སེར་འཁྱུག་པ།  མཁས་མཛངས་དཔའ་རྟུལ་གཟི་བརྗིད་གང་ལ་བལྟས་ཀྱང་གཞི་བདག་འདྲ་བ་ཞིག་ཡོད་པ་རྒན་གྱའི་དཔོན་པོ་དམར་དམར་དུ་གྲགས། དེའི་བུ་ཆེ་བ་དབང་ཆེན་འབུམ། འདི་ལ་ཧོར་གཙང་མགོ་བའི་བུ་མོ་ཞིག་འདུན་མར་བསུས་པ་ལ་སྲས་ལྔ་འཁྲུངས་པའི་ཆེ་བ་ཀླུ་འབུམ་བཀྲ་ཤིས་ལ་བུ་དགུ་སྐྱེས་པས་ཀླུ་འབུམ་བུ་དགུ་ཞེས་གཞི་འཛིན་དུ་གྱུར། སྤུན་གཉིས་པ་ནོ་ཡོན་དཔོན་པོ་བློ་བཟང་ཕུན་ཚོགས། འདི་བ་གཞན་གྱིས་འགྲན་པར་མི་བཟོད་པར་བློ་གྲོས་ཀྱི་རྩལ་ཆེ་ལ་སྒམ་ཞིང་བརྟན་པ་ཆོས་འཇིག་རྟེན་གཉིས་ཀ་ནས་དཔེ་ཐུབ་པའི་ལེགས་ཚོགས་ཁོ་ནས་དུས་འདས་པ་ཞིག་སྟེ། ལོ་བཅུ་གཅིག་སྟེང་ནས་མཁན་པོ་ནོ་མོན་ཧན་ནས་སྐུ་མདུན་དུ་བླངས་ཏེ་བསྐྱངས། ནོ་ཡོན་དཔོན་པོའི་ཆོ་ལོ་གནང་། མཁན་པོ་སྐུ་འབུམ་གྱི་ཁྲིར་བཞུགས་སྐབས་ལུགས་གཉིས་ཀྱི་བྱེད་པོ་གཅིག་པུར་གྱུར། གནས་ཆུང་ཆོས་སྐྱོང་ཆེན་པོ་རང་བཞིན་གྱིས་འགོ མཁན་པོའི་ཕྱག་གཡོག་ཏུ་སྐུ་འབུམ་དུ་ཡོད་སྐབས་ཆོས་སྐྱོང་སྐུ་རྟེན་ལ་བབས་ཏེ་དར་ཚོན་སྣ་ལྔའི་ཕུར་མདུད་ཅིག་གནང་སྟེ་ངའི་འདི་ལ་ཡོན་ཏན་གསུམ་ཡོད། རྗེས་སོར་ང་ཁྱེད་རང་གི་གནས་དེར་སླེབས་པའི་དུས་ཡོད་གསུངས།་དུས་འཁྲུག་ཆུ་ཡོས་(སྤྱི་ལོ༡༧༢༣)མ་སླེབས་གོང་དཔོན་པོ་འདི་རང་ཡུལ་དུ་ཡོང་ཁར་མཁན་པོས་འུ་ཅག་གཉིས་མྱུར་བོར་འཕྲད་ཡོང་།  དེའི་བར་བདེ་བར་སྡོད་སོགས་གསུང་རུས་པ་ཅན་གནང་། གནས་ཆུང་སྐུ་རྟེན་གྱིས་འདི་བ་ཁྲིད་དེ་སོག་པོར་སོང་ནས་མཁན་པོའི་སྐུ་ཆས་རྣམས་བླངས་ཏེ་ཕྱིར་སླེབས་ནས་སྤྲུལ་སྐུ་ལ་ཕུལ་པ་སོགས་གཡེར་གཤོང་ཟླ་བ་གྲགས་པའི་རྣམ་ཐར་དུ་གསལ་ལོ། །

རྒན་གྱ་གོང་མ་ཚོ་ཁག་གིས་་དར་རྒྱལ་ཀླད་ལ་རུ་འགེལ་བཞིན་པ།

 
སྤུན་གསུམ་པ་ལྷ་འབུམ་བཀྲ་ཤིས་ལ། ཧོར་གཙང་མཚོ་ཁའི་མགོ་བ་ཚང་ནས་མཚོ་མོ་རྒྱལ་(?—༡༧༦༩ལོར་འདས།)ཟེར་བ་འདུན་མར་བསུས་ཏེ་སྲས་དྲུག་འཁྲུངས་པ་ལས་ལྔ་ནི་སྐྱེས་ཆེན་དམ་པའི་ཡང་སྤྲུལ་ཡིན་ཚུལ་ནི། སྤུན་ཆེ་བ་མཁན་པོ་ནོ་མོན་ཧན་གྱི་སྤྲུལ་སྐུ་ངག་དབང་ཀུན་མཁྱེན་དར་རྒྱས་(འདི་བའི་གོང་མ་ཀུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱི་སྲས་ཚེ་རིང་ཡེལ་དུ་ཆི། དེའི་སྲས་དར་རྒྱལ་བོ་ཤོག་ཐུ། དེའི་སྲས་ཚེ་དབང་དཔལ་འབར། དེའི་སྲས་ཆུང་བ་མཁན་པོ་འདི་འབྲས་སྤུངས་སུ་སློབ་གཉེར་གནང་ཞིང་གཞུང་གིས་ནོ་མོན་ཧན་གྱི་ཆོ་ལོ་བཅས་རྒྱལ་མེ་ཏོག་ཐང་གི་མཁན་པོར་བསྐོས། ཕྱིས་སུ་མདོ་སྨད་དུ་བྱོན་ནས་སྤྱི་ལོ་༡༧༡༧ལོར་སྐུ་འབུམ་གྱི་ཁྲིར་བཞུགས་ཤིང་། སྤྱི་ལོ་༡༧༢༣ལོར་དུས་འཁྲུག་སྐབས་ཆིང་དམག་གིས་བཀྲོངས་པར་སྐུ་འབུམ་གདན་རབས་སུ་འབྱུང་བ་ལྟར་ཡིན་ཡང་། རྒྱའི་ལོ་རྒྱུས་སུ་མཁན་པོས་མགོ་བཏགས་པར་བཤད་པ་ལས་བཀྲོངས་རབས་བཤད་མེད། མ་དངོས་བློ་བཟང་དོན་གྲུབ་ཟེར་ཞིང་ཡབ་ལྷ་འབུམ་བཀྲ་ཤིས་ཀྱི་ཕུ་བོ་བློ་བཟང་ཕུན་ཚོགས་ཆུང་དུས་ནས་མཁན་ཆེན་གྱིས་བསྐྱངས་ཤིང་ཕྱིས་སུ་ནོ་ཡོན་ནམ་དཔོན་པོའི་ཆོ་ལོ་གནང་།)སྤུན་གཉིས་པ་ངག་དབང་ལུང་རྟོགས་དར་རྒྱས། སྤུན་བཞི་བ་གཡེར་གཤོང་དགེ་འདུན་ཟླ་གྲགས(སྤྱི་ལོ༡༧༣༤-༡༨༡༡)། ཕུ་གཉན་ཆེན་རྫ་དམར་མཐོན་པོའི་འདབས། །ས་བྱིན་ཆགས་བློན་སྡེ་ཞེས་བྱ་བར། །རྒྱུད་རྒྱལ་རིགས་ཡ་རབས་དཔའ་མཛངས་ལས། །ཡབ་རྒན་གྱའི་ལྷ་འབུམ་བཀྲ་ཤིས་དང་། །ཡུམ་མགོ་བཟའ་མཚོ་མོ་རྒྱལ་གཉིས་ལས། །ཞེས་ཨ་ཁྱུང་གིས་གསུངས་སོ། །  སྤུན་ལྔ་བ་བསེ་འཇམ་དབྱངས་བཀྲ་ཤིས(སྤྱི་ལོ༡༧༣༩-༡༨༡༣)། སྤུན་དྲུག་པ་དབྱིག་ཀྱ་དམ་ཆོས་རྣམ་རྒྱལ། འདི་རྣམ་པ་རིམ་བཞིན་སྐུ་མཆེད་ཡིན། འདི་རྣམ་པ་སྐུ་ཡུལ་དུ་ལྷན་ཅིག་ཕེབས་སྐབས། མ་ཡུམ་གྱིས་ངས་ཁྱེད་རྣམས་ཀྱི་བླ་ཐོབ་ཀྱི་གོ་རིམ་ཚོ་མི་ཤེས། ལོའི་ཆེ་ཆུང་ལྟར་སྡོད་ཅེས་པའི་ངག་རྒྱུན་འདུག   འདི་དག་གི་ཁུ་བོ་དགེ་བཤེས་བློ་བཟང་བསྟན་འཛིན་ཚང་གཡེར་གཤོང་ཟླ་གྲགས་ཀྱི་བླ་མའང་ཡིན། སྤུན་གསུམ་པ་སྙིང་རྒྱལ་བྱམས་ཀྱི་སྲས་སུ་ཆུ་རྟ་(སྤྱི་ལོ༡༧༦༢)ལོར་མོག་ཀྱ་མཁན་ཆེན་(ངང་རོང་མཁན་ཆེན་ཡང་ཟེར།)གྱི་སྤྲུལ་སྐུ་དགེ་འདུན་བསྟན་པའི་རྒྱལ་མཚན་འཁྲུངས་ཤིང་། མེ་ཕག་(སྤྱི་ལོ༡༧༦༧)ལོར་གདན་སར་བཀོད། འདི་བ་དང་། བདེ་ཆེན་སྤྲུལ་སྐུ་ངག་དབང་དགེ་འདུན་བཀྲ་ཤིས། ཀོའུ་བ་སྤྲུལ་སྐུ་དགེ་འདུན་ལྷུན་པོ། རྒན་གྱའི་དཀའ་བཅུ་བའམ་རབ་འབྱམས་པ་དགེ་ལེགས་རབ་རྒྱས་རྣམས་རྒན་གྱ་གོང་མའི་དཔོན་རྒྱུད་དུ་སྐུ་མཆེད་དུ་འཁྲུངས།
རྒན་གྱ་གོང་མ་ཚོ་ཁག་གི་དར་རྒྱལ་ཀླད་ཀྱི་རུ།
 
ཁྲི་ཀའི་མཚན་སྒྲོག་སྐུ་ཕྲེང་གཉིས་པ་བློ་བཟང་བཀྲ་ཤིས་ཉི་མ་ཡང་ལྕགས་ཕག་(སྤྱི་ལོ༡༧༩༡)ལོར་ངང་རོང་མཁན་ཆེན་གྱི་ཚ་བོར་གོང་མའི་དཔོན་རྒྱུད་དུ་འཁྲུངས། ངང་རོང་ཚང་ལས་རབ་ཏུ་བྱུང་། སྐུ་འབུམ་རྒྱུད་ཁྲི་དང་ཚོགས་ཆེན་ཁྲི་རབས་ང་གཉིས་པར་བཞུགས།  ཤིང་སྦྲུལ་(སྤྱི་ལོ༡༨༤༥)ལོར་སྐུ་འདས། འདི་དག་དཔོན་རྒྱུད་དུ་འཁྲུངས་པ་རྣམས་ཡིན། རྒན་གྱའི་དཀོན་མཆོག་སེང་གེ་ཚང་སྐུ་ཕྲེང་དང་བོ་འདིར་འཁྲུངས་ཤིང་། བཀྲ་ཤིས་འཁྱིལ་དུ་མིང་བཏགས་དང་ཆབ་ལྟག་མ་མཛད། རྗེ་དབལ་མང་བའི་དངོས་སློབ་ཡིན་ཞིང་། ཀུན་མཁྱེན་བཞི་བ་ཆེན་མོས་ཀྱང་། ཞི་དུལ་བག་ཡོད་སྤྱོད་པའི་གོས་བཟང་འཛིན་ཞིང་། བསླབ་པ་གསུམ་སོགས་ཡོན་ཏན་དུ་མས་ཐུགས་རྒྱུད་ལེགས་པར་གཏམས་པ་རྒན་གྱའི་དཀོན་མཆོག་སེང་གེ་བ་ཞེས་བསྔགས་བརྗོད་མང་དུ་གནང་མྱོང་བ་དེའི་མདུན་ནས། དབང་ལུང་མན་ངག་གི་བང་མཛོད་རྗེ་ཤེས་རབ་རྒྱ་མཚོས་ཀྱང་། འདུལ་བ་འོད་ལྡན། མེ་ཏོག་ཕྲེང་རྒྱུད། སྤྱོད་འཇུག་དར་ཊཱིཀ ཐིག་ལེ་བཅུ་དྲུག་གི་ཁྲིད་རྒྱུན། ལྕམ་སྲིང་བེའུ་བུམ། ཟུང་ཇུའི་ཕུན་ཚོགས་ཀྱིས་མཛད་པའི་བདེ་ལམ་ཟིན་བྲིས། ཤུག་ཡག་ཡེ་ཤེས་རྒྱ་མཚོའི་དགེ་སློང་གི་བསླབ་བྱ། དབལ་མང་བའི་ཕྱག་ཆེན་ཁ་སྐོང་སོགས་གསན་པས་བསྟན་རྒྱུན་ལ་ཕན་པར་གྱུར། འདིའི་སྐུ་ཕྲེང་ལ་ཨ་ལགས་དཀོན་མཆོག་སེང་གེ་ཚང་ཞུ་བ་དེ་ཡིན་ནོ། ། འདིའི་ཡང་སྲིད་སོག་ཡུལ་དུ་འཁྲུངས་ཚུལ་ཀུན་མཁྱེན་བཞི་བའི་རང་རྣམ་སྨད་ཆའི་ཤོག་གྲངས་༡༨༠ན་གསལ། རྒན་གྱའི་སྨན་པ་དགེ་འདུན་རབ་རྒྱས་ཀྱི་ཚ་བོ་རྗེ་དཀོན་མཆོག་སེང་གེ་བ་དང་། རྗེ་དཀོན་མཆོག་སེང་གེ་བའི་སྲིང་མོ་དཔལ་མོ་སྐྱིད་ཀྱི་སྲས་སུ་རྒྱ་ཞབས་དྲུང་སྐུ་ཕྲེང་གཉིས་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་(སྤྱི་ལོ༡༨༣༢-༡༨༩༥)འཁྲུངས་པ་ཡིན་ཞིང་། བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲི་རབས་ང་བརྒྱད་པ་ཡིན། མེ་བྱ་(སྤྱི་ལོ༡༨༣༧)ལོར་རྒན་གྱ་གོང་མ་ཀོའུ་ཚང་དུ་ཡོད་སྐབས་གླང་གྱའི་དམག་གིས་(ངག་རྒྱུན་ཞིག་ཏུ་རྒྱལ་བོའི་རྒྱུད་པ་གྲྭ་ཚང་གིས་བརྒྱབས་ཤིང་ཞབས་དྲུང་ཚང་གི་མ་ཡུམ་གྱིས་དམག་ནང་དུ་མདུང་བསྐོར་ཏེ་རྒྱུག་པས་བསད་པ་དང་ཁྱིམ་ཚང་ཞིག་གི་འབུམ་གསེར་བྲིས་ཤིག་ཡོད་པ་ཡང་ཁྱེར་བར་བཤད།)རྒན་གྱ་གོང་མ་བརྒྱབས་ཏེ་དམ་པ་འདིའི་སྐྱེད་ཡུམ་མཚོན་དུ་དྲངས་པས་ཞང་བོ་སྨན་པས་དགོན་དུ་བླངས། དགུང་ལོ་བཅུ་གཅིག་སྟེང་སྤྲུལ་སྐུར་ངོས་འཛིན་གནང་། རྣམ་ཐར་ཉུང་བསྡུས་གཞན་དུ་གསལ། ཉང་ཚང་(ཁ་སྐད་དུ་ནང་ཚང་ཟེར་ཏེ་ཉི་མ་ལ་ནི་མ་ཟེར་བ་བཞིན་ནོ། །)སྐུ་ཕྲེང་བཅོ་ལྔ་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་ཡབ་མཁའ་འབུམ་རྒྱལ་དང་ཡུམ་མཁར་མོ་སྐྱིད་གཉིས་ཀྱི་སྲས་སུ་ཧ་ལམ་ལྕགས་སྤྲེལ་(སྤྱི་ལོ༡༩༢༠)ལོར་སྡེ་བ་འདིར་འཁྲུངས། དགུང་ལོ་བརྒྱད་པར་ཁྲི་འདོན་མཛད། ལྷ་མོའི་དགེ་བཤེས་ཚུལ་ཁྲིམས་དར་རྒྱས་ཡོངས་འཛིན་དུ་བསྟེན།   དགུང་ལོ་བཅུ་གསུམ་པར་གཤེགས་སོ། །
རྒན་གྱ་གོང་ཚོ་ཁག་གི་དར་རྒྱལ་ཀླད་ཀྱི་ཕ་བོང་ཆེན་པོ།

རྒན་གྱ་གོང་ཚོ་ཁག་གི་དར་རྒྱལ་ཀླད་ཀྱི་རྡོ་རིགས་ཤིག

 
སྟག་རིང་བསྐལ་བཟང་དམ་ཆོས་རྒྱ་མཚོ་སྙ་ཚང་དུ་(སྤྱི་ལོ༡༩༣༡-༢༠༠༠)འཁྲུངས། ཡང་ དགེ་བཤེས་དཀོན་མཆོག་བློ་གྲོས་རྒན་གྱ་གོང་མར་ཡབ་སྐྱབས་ཡེ་དང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་མེ་འབྲུག་(སྤྱི་ལོ༡༩༡༦)ལོར་འཁྲུངས། དགུང་ལོ་ལྔའི་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་གསན་བསམ་གནང་ཞིང་དགེ་བའི་བཤེས་གཉེན་ཨ་མཆོག་གསུང་རབ་ཚང་སོགས་བསྟེན་ནས་གཞུང་བཀའ་པོད་ལྔ་ཡོངས་རྫོགས་ལ་སྦྱངས་ཤིང་མཁས་པར་གྱུར་པས། རྡོ་རམས་པའི་ཕྱག་མདུད་གནང་ཞིང་གྲྭ་ཚང་དགེ་བསྐོས་ཀྱང་མཛད། འདི་བ་མཁས་དབང་རྭ་ཕུག་ཅུང་གསུམ་དུ་གྲགས་པའི་ཅུང་དཀར་ཚང་གི་འཛིན་གྲྭའི་སྐྱོར་དཔོན་ཡིན་པར་གླེང་། སོག་པོ་མདའ་ཚན་དགོན་པའི་དགེ་རྒན་དུ་བྱོན་ནས་ལོ་གསུམ་ལ་བཞུགས་ཤིང་མདའ་ཚན་དགོན་པའི་ལོ་རྒྱུས་སུའང་རྡོ་རམས་པ་བློ་གྲོས་ཞེས་འཁོད་འདུག ཟིང་འཁྲུག་གི་སྐབས་བཙོན་དུ་ཕེབས་པ་དང་ཕ་ཡུལ་དུ་བཞུགས་དགོས་བྱུང་བ་སོགས་ཀུན་དང་འདྲ། པཎ་ཆེན་བཅུ་བ་མཆོག་ལྕགས་སྤྲེལ་(སྤྱི་ལོ༡༩༨༠)ལོར་རྒན་གྱར་ཕེབས་སྐབས་དགེ་བཤེས་འདི་བས་རྒན་གྱ་སྤྱིའི་ཚབ་གནང་སྟེ་སྐྱབས་འཇུག་ཞུས། ས་ལུག་(སྤྱི་ལོ༡༩༧༩)ལོ་ཡས་མས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་སླར་བྱོན་ནས་རིམ་གྱིས་རྡོ་རམས་དང་སྔགས་རམས་དམ་བཅའ་བསྟན་པའི་རྒྱན་དུ་ཆེ་བ་བཞག་གནང་མཛད་ཅིང་དཔེ་ཁྲིད་སོགས་རྒྱུན་དུ་གནང་། བླ་མ་གཞུང་ལས་པར་བཞུགས་ཤིང་། ཀུན་མཁྱེན་དྲུག་པ་མཆོག་གིས་ཐུགས་རྩིས་ཆེ་ཞིང་སྤྱན་ཤེལ་ཞིག་ཀྱང་གནང་བར་གྲགས།དགུང་གྲངས་གྱ་གཅིག་སྟེ་མེ་བྱི་(སྤྱི་ལོ༡༩༩༦)ལོར་སྐུ་ཞི་བར་གཤེགས། འདི་རྣམས་རྒན་གྱ་གོང་མར་འཁྲུངས་པ་རྐྱང་ཡིན། སྤྱིར་རྒྱལ་བའི་སྲས་པོ་མཐའ་དག་གདུལ་བྱའི་དོན་དུ་བསམ་བཞིན་མ་དག་པའི་ཞིང་དུ་སྐྱེས་པ་བཞེས་ན། ཐོག་མར་དུས་དང་། ཡུལ་དང་། རིགས་དང་། རྒྱུད་དང་། བུད་མེད་དེ་གཟིགས་པ་རྣམ་པ་ལྔ་ལ་གཟིགས་ནས་འཁྲུངས་པར་ཁྲི་བརྒྱད་སྟོང་བ་ལས་གསུངས་ཤིང་། ས་ལ་དགེ་བཅུ་ཚང་ཞིང་། རི་ཕུན་སུམ་ཚོགས་པ། ཡུལ་ལྗོངས་ཕུན་སུམ་ཚོགས་པ། སྣོད་བཅུད་མཐའ་དག་དཀར་ཕྱོགས་ལ་དགའ་བའི་གནས་བདག་དང་གཞི་བདག་གིས་སྲུང་ཞིང་སྐྱོང་བའི་ཡུལ་ཁྱད་པར་ཅན་ཞིག་ལ་གཟིགས་པ་ཡིན་པས། བསྟན་འཛིན་གྱི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་གོང་དུ་གསལ་བ་འདི་དག་སྡེ་བ་འདི་ཁོ་ནར་འཁྲུངས་པ་ནི། འདོད་རྒུའི་འབྱོར་བ་གཡང་དུ་ཆགས་ཤིང་སྡེ་བཞིའི་དགའ་བ་གཡས་སུ་འཁྱིལ་བའི་ཡུལ་ཁྱད་འཕགས་ཤིག་ཡིན་པས་ལོས་ཡིན་སྙམ་མོ། །
རྒན་གྱ་གོང་མ་ཚོ་ཁག་གི་དེང་གི་དགུན་ས།
 
ཚོ་བ་ནི།  དཔོན་ཚང་(མེས་པོ་ཀླུ་ཕྱུག་དང་རེབ་བཟའ་མའི་རྒྱུད་ལས་ཚང་ཧུའི་གདུང་རབས་འཕེལ་ཞིང་ཕྱིས་སུ་དཔོན་པོ་སྐལ་བཟང་བཀྲ་ཤིས་ཀྱི་རིང་ལ་ཕྱག་མཛོད་ལས་བུ་ལོན་གཡར་བ་སྐྱིན་མ་ཐུབ་པས་ཐོབ་གོ་ས་དང་བཅས་པ་ཕྱག་མཛོད་ལ་ཕུལ་པས། དམངས་ཁྲོད་དུ་“དཔོན་གཡུ་ཚ་ཚང་ལ་བླ་རྩ་མི་ཚང་”ཞེས་པའི་ཁ་དཔེ་བྱུང་བར་བཤད་ཅིང་། ཁྲབ་ཆེན་ལ་བཙས་(སྤྱི་ལོ་༡༩༡༠ལོར་ཀུན་མཁྱེན་བཞི་བ་སོག་པོ་ཁ་གསུམ་ཚོ་ཧོར་ལ་བྱོན་སྐབས་གྱི་ལིང་ལྷ་བར་ཁྱེད་ཀྱི་འཁོར་ན་བུ་སྨུག་པོ་དུང་གི་སོར་སྒོ་ཅན། གསེར་ནག་གི་རྣ་ལུང་ཅན་ཞིག་ཡོད་པ་སུ་རེད་དྲིས་པས། བཙན་རྒོད་གྱི་ལིང་གིས་བུ་འདི་ནི་ཤར་སྐལ་ལྡན་རྒྱ་མཚོས་འདོ་བ་ས་ཆའི་གཞི་བདག་ལས་ཕུད་དེ་ཨ་མྱེས་རྨ་ཆེན་གྱི་འཁོར་དུ་འགྲོ་བཞིན་པའི་རྒོད་པོ་ཁྲབ་ཆེན་རེད་ཅེས་བཤད་པར་ཁ་གསུམ་ཚོ་ཧོར་གྱི་ལོ་རྒྱུས་ན་གསལ་བ་འདི་དང་འབྲེལ་མིན་དཔྱད་གཞི།)རྟོད་སྐབས་དཔོན་པོར་རྐང་ཚས་བཞོན་རྟ་དང་བསང་མགོར་འཇོག་རྒྱུའི་ལུག་གྲ་སྒྲིག་བྱེད་དགོས་ཤིང་། དེ་ལ་བསྙད་བཏགས་ཏེ་རྐང་ཚས་མ་ཆི་ཚང་ལ་གཏུགས་གཤེར་བྱས་ཏེ་དཔོན་མགོ་བྱང་བར་གྲགས་སོ། །  ཁྲབ་ཆེན་ལ་བཙས་འདི་སྔོན་ཆད་རྒན་གྱས་རྟོད་པས། རྒན་གྱའི་ལྷ་ཞིས་དཔོན་དགེ་གཅོད་པས་ཆུ་གླང་(སྤྱི་ལོ༡༧༩༣)ལོར་གཡེར་གཤོང་ཟླ་བ་གྲགས་པ་ལ་ཁྲབ་ཆེན་གྱི་བསང་ཡིག་དགེ་མཚན་བྱེ་བའི་གཡང་འབོད་རྩོམ་སྐུལ་ཞུས་འདུག་གོ ། གཡེར་གཤོང་རྣམ་ཐར་དུ་བཅོ་ལྔའི་(སྤྱི་ལོ་༡༨༡༡ཟླ་༡༠ཚེས་༡༥)ཉིན་ཚ་བོ་དགེ་འདུན་བསོད་ནམས་སླེབས་པར། རྒན་གྱའི་ནོ་ཡོན་དཔོན་པོ་ཚང་གི་ཤུལ་ན་ཡོད་པའི་མི་ཁྱོད་གཅིག་པུ་ཡིན་པ། ང་རང་དབང་ཅན་གྱི་བླ་མ་མིན་ཡང་། ཡིད་མོས་རེ་བྱས་ཆོག་ན། ཁྱོད་དེ་འདྲའི་སྦྱོར་དངོས་མི་ཚང་བར་འདུག་པ། མ་སྲིང་སོགས་ལ་ཡག་པོ་གྱིས་གསུངས། ཞེས་གསུངས་ཡོད་ལ། དེའི་དོན་ནི་ང་རང་དབང་ཅན་གྱི་བླ་མ་མིན་ཡང་སླར་ཕ་ཡུལ་དུ་སྐྱེ་བའི་སྨོན་ལམ་བཏབ་ཆོག་མོད། ཁྱོད་ཀྱི་བྱ་སྤྱོད་ལ་བལྟས་ན་ང་སླར་ཕ་ཡུལ་དུ་སྐྱེ་མི་འདོད། ཁྱོད་ཀྱིས་རང་གི་མ་དང་སྲིང་མོ་སྡུག་ཏུ་མ་འཇུག་ཅེས་པའི་དོན་ནོ། །
རྒན་གྱ་གོང་མ་ཚོ་ཁག་གིས་གསེར་ཆེན་དབྱར་ས་རུ་བལ་འབྲེག་བཞིན་པ།
 
མེ་བྱ་(སྤྱི་ལོ༡༩༥༧)ལོའི་བར་གཡུ་ཚ་དམག་དཔོན་ནས་མི་རབས་བཅུ་བདུན་སོང་ཟིན་པ་གཙོས་དཔོན་པོའི་ལོ་རྒྱུས་སུ་གསལ་ཞིང་དེབ་ཐེར་རྒྱ་མཚོ་ལྟར་ན་གཙོས་དང་འདི་གཉིས་རྒྱུད་པ་དུས་མཉམ་པར་གསལ་བའི་ཕྱིར་ན་དཔྱད་གཞི་ཙམ་དུ་འདིར་བཀོད།)།མགར་བ(འདིའང་དཔོན་རྒྱུད་ཅིག་ཡིན་ཟེར།)། བན་རྒན་ཐོ་སུ(ཐེ་བུ་ནས་མཆེད་ཟེར་ཞིང་ཐེ་བུར་ད་ལྟ་ཚོ་བ་དེར་ཁྱིམ་ཚང་ང་གསུམ་ཡོད།)།  སྟག་རིང་། འདི་ཧོར་གཙང་འོལ་སེ་སྟག་རིང་ནས་མཆེད་ཅིང་རྒྱུད་འདིར་སྟག་རིང་ཁྲི་རྒན་གྱི་ཡང་སྲིད་ཐུབ་བསྟན་ལུང་རིགས་རྒྱ་མཚོ་(དུས་འཁོར་ཁྲི་རབས་ང་བདུན་པ་སྟག་རིང་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ཞེས་གསལ་བ་འདི་དང་གཅིག་མིན་དཔྱད་གཞི།)འཁྲུངས། གཡེར་གཤོང་འཇམ་དབྱངས་བློ་གྲོས་ཀྱི་སློབ་མ་སྟག་རིང་ཁྲི་རྒན་ཚང་ཡང་ཧ་ལམ་འདི་ནས་འཁྲུངས་སམ་དཔྱད་དགོས། སྙ་ཚང་། རུས་འདིར་སྟག་རིང་བསྐལ་བཟང་དམ་ཆོས་རྒྱ་མཚོ་(༡༩༣༡-༢༠༠༠)འཁྲུངས། མགོན་ཤུལ(འདི་མགོན་ཤུལ་ནས་མཆེད།)། མ་ཁྱེ(གཙང་ཨ་རིག་ཕྱོགས་ན་འདིའི་རུས་ཅན་མང་ཞིང་ཨ་རིག་དགེ་བཤེས་ཆེན་མོ་ལའང་མ་ཁྱེའི་དགེ་བཤེས་ཟེར་ཞིང་རུས་ཀྱི་ཟུར་ལ་མ་ཡོད་པ་དག་དོན་དུ་མལ་ཡིན་པ་དང་དེ་ཡང་སྦྲའི་ནང་ཚན་ཡིན་པར་གསལ།) རོང་བོ་(འདི་རོང་བོའི་ཤིང་ལས་ཁ་ནས་མཆེད་ཟེར།)སོགས་ཡོད། སྔོན་ཆད་རྒན་གྱའི་བེ་ཧུའི་(ཀུན་མཁྱེན་གཉིས་པའི་རྣམ་ཐར་དུ། དུད་ཉིས་སྟོང་ཙམ་གྱི་ལས་དོན་ཤེས་དགོས་པའི་ལས་ཀ་དང་བེ་ཧུའི་ཐོབ་གནང་ཞེས་པ་ལྟར་འདིའི་བེ་ཧུ་ནི་ཁྲི་དཔོན་ཏེ་ཁྱིམ་རེར་མི་ལྔ་རེ་ཡོད་པའི་དབང་དུ་བྱས་སོ། །)
རྒན་གྱ་གོང་མ་ཚོ་ཁག་གི་དར་རྒྱལ་ཀླད་ཀྱི་སྐྱེ་དངོས་འགའ།
 
 མངའ་ཁོངས་ཚོ་བ་ཉེར་གཅིག་གིས་བློན་སྡེ་ལ་བཙས་བརྟད་ཅིང་ཕྱིས་སུ་ཚོ་བ་བཞིས་བརྟད་སྐབས་བསང་ཡིག་ཆོས་རྫོང་སྤྲུལ་སྐུའི་གསུང་ཡིན།(ཆོས་རྫོང་སྐུ་ཕྲེང་དང་བོ་འབེ་ཤེས་རབ་མཆོག་ལྡན། རྒན་གྱ་བ ། གཉིས་པ་ངག་དབང་ཐེག་མཆོག གནམ་ལྷ་བ། གསུམ་པ་འཇིགས་མེད་གྲགས་པ། གཙོས་པ། བཞི་བ་དཀོན་མཆོག་བསྟན་པ་དཔལ་བཟང་། གཙོས་པ། ལྔ་བ། བློ་བཟང་ཤེས་རབ་རྒྱ་མཚོ། དངུལ་རྭ་བ། དྲུག་པ་སྐལ་བཟང་མཁྱེན་རབ་རྒྱ་མཚོ། གཙོས་པ། བདུན་པ་བློ་བཟང་བསྟན་པ་ཡར་འཕེལ། ཚེ་ལྡོང་འགབ་མ་བ།)ད་ལྟ་སྡེ་འདི་གཅིག་པུས་གསོལ་བཞིན་ཡོད་ལ། བསང་ཡིག་སྟག་རིང་བསྐལ་བཟང་དམ་ཆོས་རྒྱ་མཚོའི་གསུང་ཡིན། རྒན་གྱ་གོང་མས་ལྕགས་བྱི་(སྤྱི་ལོ༡༩༠༠)ལོའི་ཡར་སྔོན་དུ་གཉན་དམར་བརྟད་མོད་བཀྲ་ཤིས་ལུང་དཀར་བརྟད་པ་ནས་རྟོད་མཚམས་བཞག་པ་དང་རྐང་ཚའི་ཁྲབ་ཆེན་ལ་བཙས་ཡང་ཐོག་མར་རྒན་གྱ་གོང་མས་བརྟད་པར་བཤད། ཨ་ལགས་མ་ཁྱེའི་(མ་ཁྱེའི་སྐུ་ཕྲེང་དང་བོ་སེང་གེ་བཟང་བོ། གཉིས་པ་ཤཱཀྱ་བཟང་བོ། གསུམ་པ་བསྟན་པ་རབ་རྒྱས། བཞི་བ་ངག་དབང་བློ་བཟང་ཆོས་འཛིན། འདི་བ་དགུང་ལོ་གྱ་གྲངས་བཞུགས་ཏེ། ཤིང་ལུག་(སྤྱི་ལོ༡༩༥༥)ལོའི་གསུམ་པའི་ཉེར་ལྔར་སྐུ་གཤེགས། འདི་དཔའ་རིས་མ་ཁྱེ་ཡིན་ཞིང་གཙང་ཨ་རིག་ནའང་མ་ཁྱེ་ཨ་ལགས་ཟེར་བ་ཡོད་པས་གང་ཡིན་བརྟག)ཟེར་བས་གསེར་ཆུང་གི་དཀར་མོའི་ཁུག་རིང་དུ་སྡེ་བ་འདིའི་རིགས་རྒྱུད་ཀྱི་ཆེད་དུ་སྐུ་འབུམ་བླུགས་པ་ཡོད། སྡེ་འདིར་སྐྱེས་པའི་རྒན་གྱའི་ཨ་རྒ་(ཕྱོགས་འདིར་རུ་སྡེ་བའི་ཁ་ཆེན་དབང་ཆེན་ལ་ཨ་རྒ་ཟེར་ཞིང་རྒན་གྱ་ནས་ལྕགས་ཕག་སྤྱི་ལོ་༡༩༡༡ལོར་སྐྱས་བཏེགས་པའི་ཨ་རིག་གཙང་སྡེ་མར་ཡོད་པའི་རྒན་གྱ་རུ་སྐོར་གྱི་རུ་དཔོན་ཨ་ཀ་ཞེས་གཙང་ཨ་རིག་གི་ལོ་རྒྱུས་སུ་གསལ་བས་རྒན་གྱ་བ་བྱེས་སུ་སོང་བའི་ཚེ་ན་ཡང་རུ་སྡེའི་དཔོན་ལ་དེ་སྐད་འབོད་བཞིན་པར་གསལ།)དཀོན་མཆོག་རྒྱ་ལྡི་ཟེར་བའི་རྒན་པོ་རྣམ་དཔྱོད་ཅན་དེ་ས་ཁྱི་(སྤྱི་ལོ༡༩༥༨)ལོའི་གོང་ཙམ་དུ་རྒན་གྱ་སྤྱིར་ཤུགས་རྐྱེན་ཆེ་ཞིང་བླ་བྲང་ཕྱི་ནང་དུ་གྲགས་ཆེ་ཙམ་བྱུང་། (མུ་འགོད།)
སྤེལ་མཁན། ཚེ་རིང་དོན་གྲུབ།   རྩོམ་འགན། ཚེ་མགོན།

ངེད་ཚོའི་སྐོར། | འབྲེལ་ཞུ། | གསལ་ཞུ། | མཛའ་འབྲེལ། | མཉེན་ཆས་ཡར་སྤྲོད།

CopyRight © 2011-2020 BODYIG.NET 【མཉེན་ཆས་གླིང་།】 | 陇ICP备15003445-10 | 甘公网安备 62302702270011号

ཆེད་ཞུ། འདི་གའི་མཉེན་ཆས་སོགས་ཀྱི་རྒྱུ་ཆ་ཚང་མ་སྤྱོད་པར་ཕྱོགས་གང་གི་ཁེ་དབང་ལ་གནོད་སྐྱོན་ཐེབས་ཀིན་ཡོད་ཚེ། ངེད་ཅག་གིས་རེ་ཞུ་ལྟར་མྱུར་མོར་བརྩད་གཅོད་སྒོས་ཐག་གིས་གཅོད་ཆོག